མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་བོད་ནང་གི་གནས་སྟངས་སྙན་སེང་ཞུས་འདུག

2021-09-22
Share
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་བོད་ནང་གི་གནས་སྟངས་སྙན་སེང་ཞུས་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཞིག་གི་སྟེང་། ༨།༢༤།༢༡
AFP

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གིས་བོད་ནང་འཛིན་བཞིན་པའི་སྲིད་བྱུས་ཀྱིས་ཁོར་ཡུག་ལ་གནོད་འཚེ་བཟོ་བཞིན་ཡོད་ལུགས་ཞུས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་ལས་དོན་ཚན་པའི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་མོས་ད་རེས་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་(Geneva)་ནང་ཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་༤༨་པའི་ཐོག ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་སྙན་སེང་ཞུས་པའི་སྐབས། རྒྱ་ནག་གཞུང་གིས་བོད་ནང་དབུལ་ཕོངས་ངལ་སེལ་དང་འཛུགས་སྐྲུན་ཡར་རྒྱས་ཞེས་པའི་མིང་ཐོག་ནས་ལས་འཆར་འདྲ་མིན་ལག་བསྟར་བྱེད་བཞིན་པའི་འོག་བོད་མི་འབྲོག་པ་རྣམས་བཙན་ཤེད་ཀྱི་ཐོག་ནས་གནས་སྤོར་བྱེད་དུ་བཅུག་པ་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ལགས་དང་། ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉ་སེང་སྒྲ་ལགས་གཉིས་དོ་དམ་བཙོན་བཅུག་བྱས་པ་སོགས་ཀྱི་གནས་ཚུལ། དེ་དང་ཕྱོགས་མཚུངས་ཁོང་གིས་མུ་མཐུད་ནས། རྒྱ་ནག་གཞུང་གིས་བོད་ནང་འཆར་གཞི་དང་ལྡན་པའི་ཐོག་ནས་འཛུགས་སྐྲུན་ཡར་རྒྱས་གཏོང་གི་ཡོད་ལུགས་བཤད་ཀྱང་། འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་སོགས་གང་ཐད་ནས་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་འཛིན་བཞིན་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཞི་རྩའི་རྩ་འཛིན་ལའང་རྩིས་མེད་རྡོག་རོལ་གཏོང་གཞི་ཞིག་ཀྱང་ཆགས་ཀྱི་ཡོད་པ་སོགས་ཞུ་རྒྱུ་བྱུང་བ་མ་ཟད། གནད་དོན་དེའི་ཐོག་ལྷན་ཁང་གི་ངོས་ནས་རྒྱ་ནག་ལ་དེར་གཞིགས་པས་འགན་འཁྱེར་བའི་ཐོག་ནས་བོད་ཀྱི་ཁོར་ཡུག་ལ་མུ་མཐུད་ནས་དོ་ཕོག་མི་འགྲོ་བ་ཞིག་བྱེད་དགོས་པའི་སྐུལ་མ་གནང་རྒྱུའི་དུས་ལ་བབས་ཡོད་ལུགས་ཞུས་ཡོད་པ་བཅས་བརྗོད་བྱུང་།
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་དེ་བཞིན་ཟླ་བ་འདིའི་ཚེས་༡༣་ནས་འགོ་བཙུགས་ཡོད་པ་དང་། ཕྱི་ཟླ་བཅུ་པའི་ཚེས་བརྒྱད་ཉིན་མཇུག་སྒྲིལ་རྒྱུ་ཡིན་འདུག་ལ་དེའི་གོང་བོད་ནང་གི་གནད་དོན་ཁག་ཅིག་ཐོག་ཉན་ཞིབ་གནང་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།