དུག་རླངས་དང་མེ་མདའ་རྒྱབ་འདུག


2013-10-07
Share
འབྲི་རུ་རྫོང་ཁོངས་སུ་རྒྱ་ནག་གི་དར་དམར་བསྒྲེངས་འཛུགས་དགོས་པའི་བཙན་བཀའ་བཏང་བར་མི་མང་གིས་ངོས་ལེན་མ་བྱས་བར་བརྟེན་དྲག་གནོན་བྱེད་བཞིན་པ། འབྲི་རུ་རྫོང་ཁོངས་སུ་རྒྱ་ནག་གི་དར་དམར་བསྒྲེངས་འཛུགས་དགོས་པའི་བཙན་བཀའ་བཏང་བ། མི་མང་གིས་ངོས་ལེན་མ་བྱས་པར་བརྟེན།
བོད་ནས་བཏང་བ།

དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་དོན། ཉིན་ཤས་གོང་རྒྱ་ནག་གིས་འབྲི་རུ་རྫོང་ཟླ་ཐང་ཤང་དབུ་ཐང་གྲོང་ཚོའི་རྡོ་རྗེ་དྲག་རྩལ་ཞེས་བ་གློ་བུར་འཛིན་བཟུང་བྱས་རྗེས། ཚེས་༦ ཉིན་ས་གནས་བོད་མི་ཚོས་མཉམ་དུ་ས་གནས་སྲིད་གཞུང་ལ་ཁོང་གློད་གྲོལ་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་། ས་གནས་ལས་བྱེད་ཚོས་མི་མང་གི་རེ་བ་དང་བསམ་ཚུལ་ལ་ཡ་ལན་བྱས་མེད་པ་མ་ཟད། མི་མང་འཛོམས་སར་དམག་མི་མང་པོ་བཏང་ནས་དུག་རླངས་གཡུག་པ་དང་། གང་བྱུང་མེ་མདའ་བརྒྱབ་པར་བརྟེན། བོད་མི་བཀྲ་རྒྱལ་ལགས་ཀྱི་བརླ་རྐང་རུས་པ་བཅག་ཡོད་པ་དང་། ཚེ་དབང་གི་འགྲམ་རུས་གཉིས་ཀ་བཅག་པ། དེ་བཞིན་བློ་བཟང་དབང་ཆེན་དང་། དཔའ་རྡོར་། དགྲ་ལྷའི་བུ་གཉིས་སོགས་བསྡོམས་པས་བོད་མི་༦༠ཙམ་ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་པ་དང་། དུག་རླངས་ཕོག་ནས་དྲན་མེད་བརྒྱལ་ཡོད་འདུག

རྒྱ་ནག་གཞུང་གིས་ཟླ་སྔོན་མའི་ཕྱི་ཚེས་ ༡༠ ཉིན་ནས་བཟུང་ནག་ཆུ་ས་ཁུལ་གྱི་འབྲི་རུ་སོགས་སུ་ས་གནས་ཀྱི་ལས་བྱེད་པ་མང་པོ་ལ་མངགས་གཏོང་གིས་གྲོང་ཚོ་ཁག་སོ་སོའི་ཁྱིམ་ཚང་ཚང་མས་ཁང་པའི་ཡང་སྟེང་དུ་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་བྱེད་དགོས་པ་དང་། ཡུལ་མི་ཚོར་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དགོས་པའི་བསམ་བློའི་སློབ་གསོ་བཏང་ནས་། བཙན་ཤེད་བྱས་བ། ལྷག་པར་དུ་ས་གནས་ཀྱི་དཔོན་རིགས་རྡོར་ཐུབ་དང་རྗོང་སྲིད་གཞུང་གི་དཔོན་རིགས་ཨི་ཡཱང་ཅི་གཉིས་ཀྱིས། མོ་བ་གྲོང་ཚོ་དང་སྨོན་ཆེན་གྲོང་ཚོ་བཅས་སུ་གཞུང་ཕྱོགས་ཀྱི་བཀའ་དང་ལེན་མི་བྱེད་མཁན་ཚོའི་ཕྲུ་གུ་སློབ་གྲྭ་ནས་ཕྱིར་འཕུད་དགོས་པའི་བཙན་བཀའ་བཏང་བ་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག

ད་ཆ་ས་གནས་ཀྱི་གནས་སྟངས་ཛ་དྲག་ཡོད་ཐོག་རི་གྲོང་དང་། ས་གནས་གང་སར་དམག་མི་འགྲེམས་འཇོག་གིས་ས་གནས་ཀྱི་བརྒྱུད་ལམ་ལ་བཀག་སྡོམ་དང་། འགྲོ་བསྐྱོད་ལ་ཚོད་འཛིན་བྱས་ནས་ཁྲོམ་དུ་བཟའ་ཆས་སོགས་ཉོ་རུ་འགྲོ་སྐབས་ཀྱང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྟོན་དགོས་ཀྱི་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།