ཨ་རིས་རྒྱ་ནག་ལ་ར་ཤེ་ཡར་ཉེན་ཚབས་ཆེ་བའི་གོ་མཚོན་རིགས་མ་སྤྲད་ན་ཡག་ཚུལ་ཉེན་བརྡ་བཏང་འདུག

2023.02.27
ཨ་རིས་རྒྱ་ནག་ལ་ར་ཤེ་ཡར་ཉེན་ཚབས་ཆེ་བའི་གོ་མཚོན་རིགས་མ་སྤྲད་ན་ཡག་ཚུལ་ཉེན་བརྡ་བཏང་འདུག ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་བར་དྲྭ་ཐོག་ནས་མཇལ་མོལ་སྐབས། ༡༡།༡༥།༢༠༢༡
AFP

དེ་ཡང་རོ་ཡེ་ཊིར་གསར་ལས་ཁང་གིས་ཟླ་༢པའི་ཚེས་༢༧ཉིན་ཡུཀ་རེན་གྱི་རྒྱལ་ས་ཅི་ཧྥུ་ནས་སྤེལ་བའི་གནས་ཚུལ་ནང་། ཨ་རི་དང་བྱང་ཆིངས་ཀྱི་མནའ་འབྲེལ་རྒྱལ་ཁབ་ཚོས་སྔ་རྗེས་སུ་རྒྱ་ནག་གཞུང་ལ་ར་ཤེ་ཡར་ཉེན་ཚབས་ཆེ་བའི་གོ་མཚོན་རིགས་མཁོ་སྤྲོད་མ་བྱས་ན་ཡག་ཚུལ་ཉེན་བརྡ་བཏང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་མི་མེད་གནམ་གྲུ་ཐེ་བའི་ཉེན་ཚབས་ཆེ་བའི་གོ་མཚོན་རིགས་ར་ཤེ་ཡར་མཁོ་སྤྲོད་བྱེད་འཆར་ཡོད་པ་ཡོངས་ཁྱབ་ཀྱི་སྒོ་ནས་གླེང་སློང་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ར་ཤེ་ཡར་དྲག་ཆས་ཀྱི་རོགས་སྐྱོར་བྱེད་འཆར་ཡོད་པའི་ཐད་ནུབ་ཕྱོགས་རྒྱལ་ཁབ་ཚོས་སེམས་ཁུར་བྱེད་བཞིན་པའི་སྐབས་སུ། ར་ཤེ་ཡའི་དམག་གིས་ཡུཀ་རེན་གྱི་ཤར་རྒྱུད་ཀྱི་དམག་འཁྲུག་དོན་ཐོག་ལ་འཕེལ་བཞིན་པ་དང་། ཡུཀ་རེན་གྱིས་ནུབ་ཕྱོགས་རྒྱལ་ཁབ་མང་པོས་མཁོ་སྤྲོད་བྱས་པའི་ལྕགས་ཁྲབ་འཁོར་ལོ་གཙོ་བོ་ཡིན་པའི་གོ་མཚོན་རིགས་ལ་བརྟེན་ནས་ཕར་རྒོལ་བྱེད་རྒྱུར་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ཚུལ་གནས་ཚུལ་ནང་བཀོད་འདུག
ད་དུང་གནས་ཚུལ་ནང་། ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་བློ་འདོན་པ་སུ་ལི་ཝིན་ལགས་ཀྱིས། རྒྱ་ནག་གཞུང་གིས་ད་བར་དུ་ར་ཤེ་ཡར་གོ་མཚོན་རིགས་མཁོ་སྤྲོད་བྱས་མེད་མོད། ད་དུང་གོ་མཚོན་མཁོ་སྤྲོད་བྱེད་རྒྱུའི་གདམ་ག་དེ་དོར་མི་འདུག་ཅེས་ཨ་རིའི་སེ་ཨེན་ཨེན་(CNN)་བརྙན་འཕྲིན་ཁང་ལ་བཤད་འདུག
ར་ཤེ་ཡས་ཡུཀ་རེན་གྱི་བདག་དབང་ལ་དྲག་པོའི་བཙན་འཛུལ་བྱས་པའི་བྱ་སྤྱོད་ཐད་རྒྱ་ནག་གཞུང་གིས་ད་བར་དུ་སྐྱོན་འཛུགས་བྱས་མེད་པའི་ཁར། གདུང་སེམས་མཉམ་སྐྱེའི་རྣམ་འགྱུར་བསྟན་ཡོད་ལ། ར་ཤེ་ཡས་ཡུཀ་རེན་ལ་དྲག་པོའི་བཙན་འཛུལ་བྱས་ནས་ལོ་གཅིག་འཁོར་བའི་སྐབས་དེར་རྒྱ་ནག་གཞུང་གིས་དམག་འཁྲུག་མཚམས་འཇོག་གི་ཞི་བདེའི་བསམ་འཆར་ཟེར་བ་ཞིག་བཏོན་པར་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གི་ཀུན་སློང་དང་འོས་ཐོབ་ཡོད་མེད་ལ་དོགས་པ་ཟོས་ཡོད།
རྒྱ་ནག་གིས་ར་ཤེ་ཡར་མི་མེད་གནམ་གྲུ་མཁོ་སྤྲོད་བྱེད་འཆར་དང་དུས་མཉམ་དུ་ཞི་བདེ་བསམ་འཆར་ཟེར་བ་བཏོན་པའི་གནས་ཚུལ་གཉིས་གོ་རྗེས་གང་བདེན་པ་དང་གང་རྫུན་མ་ཡིན་པ་མ་ཤེས་པས། ང་ཚོས་རྒྱ་ནག་གིས་ཅི་བཤད་པར་ཉན་རྒྱུ་ལས་གང་བྱེད་པའི་སྦྱོར་བ་ལ་བལྟ་དགོས་ཞེས་འཇར་མན་ནིའི་རྒྱལ་སྲུང་བློན་ཆེན་གྱི་བཤད་འདུག
ཨ་རིའི་གསང་བའི་ལས་ཁང་གི་འགན་འཛིན་(William Burns)་ལགས་ཀྱིས་ཀྱང་། རྒྱ་ནག་གི་དབུ་ཁྲིད་ཚོས་ར་ཤེ་ཡར་ཉེན་ཚབས་ཆེ་བའི་གོ་མཚོན་རིགས་མཁོ་སྤྲོད་བྱེད་རྒྱུར་བསམ་བློ་གཏོང་བཞིན་པ་ཡིད་ཆེས་ཡོད་ཅེས་གསུངས་འདུག


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎