ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་ཚོང་ལས་སྡེ་ཚན་སྔར་ལས་མང་བ་ཐོ་གཞུང་ནག་པོའི་ནང་བཅུག་འདུག

2021-06-04
Share
ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་ཚོང་ལས་སྡེ་ཚན་སྔར་ལས་མང་བ་ཐོ་གཞུང་ནག་པོའི་ནང་བཅུག་འདུག ཨ་རིའི་སྲིད་འཛིན་སྦཡེ་ཌེན་(Joe Biden)་ལགས། ༥།༢༦།༢༡
AFP

ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་ཚོང་ལས་སྡེ་ཚན་སྔར་ལས་མང་བ་ཐོ་གཞུང་ནག་པོའི་ནང་བཅུག་ནས་རྒྱ་ནག་ལ་ཚོང་འབྲེལ་གུ་ཡངས་གནང་རྒྱུ་མིན་པ་ནན་བརྗོད་གནང་འདུག
དེ་ཡང་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ཚེས་༣་རེས་གཟའ་ཕུར་བུའི་ཉིན། ཨ་རིའི་སྲིད་འཛིན་སྦཡེ་ཌེན་(Joe Biden)་ལགས་ཀྱིས། སྲིད་འཛིན་གྱི་དམིགས་བསལ་སྐུ་དབང་བེད་སྤྱད་དེ་རྒྱ་ནག་གི་བདེ་འཇགས་དང་གསང་བའི་མྱུལ་ཞིབ་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་དང་ཚོང་འབྲེལ་ཡོད་པའི་ཨ་རིའི་ཚོང་དོན་ཁེ་ལས་ཁག་ལ་དོ་དམ་དང་སྟངས་འཛིན་དམ་དུ་གཏོང་ཆེད། དེ་སྔ་སྲིད་འཛིན་(Donald Trump)་ལགས་ཀྱི་གཞུང་འཛིན་སྐབས་ཨ་རིའི་ཚོང་ལས་སྡེ་ཁག་ནས་རྒྱ་ནག་ནང་མ་འཛུགས་བཀག་སྡོམ་གྱི་ཐོ་གཞུང་གཏན་འབེབས་གནང་ཡོད་པ་དེའི་ཐོག་ད་དུང་རྒྱ་ཇེ་ཆེར་བཏང་ནས། ད་ཆ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་༥༩་ཚོང་འབྲེལ་གྱི་ཐོ་གཞུང་ནག་པོའི་ནང་བཅུགས་ཡོད་པ་རེད།
སྲིད་འཛིན་སྦཡེ་ཌེན་གྱིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཅིག་ཐོ་གཞུང་ནག་པོའི་ནང་བཅུག་པའི་ཁོངས་སུ། རྒྱ་ནག་ནང་གྲངས་ཉུང་མི་རིགས་ཐོག་དྲག་གནོན་དང་། ཆོས་དད་དང་རང་དབང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་བཅས་དང་འབྲེལ་གསང་བའི་མྱུལ་ཞིབ་ཀྱི་སྲིད་ཇུས་ལག་བསྟར་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཡིན་འདུག
སྲིད་འཛིན་མཆོག་གིས་ད་རེས་བཀའ་བཅད་ཀྱི་དམིགས་ཡུལ་ནི། ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་རྩ་ཆེར་ངོས་འཛིན་བྱེད་པའི་རིན་ཐང་དང་འགལ་ཟླ་ཅན་གྱི་རྒྱ་ནག་གི་ཚོང་ལས་སྡེ་ཁག་ལ་ཆེད་དུ་དམིགས་པ་ཞིག་ཡིན་པ་གསལ་བཏོན་གནང་འདུག
སྲིད་འཛིན་ཟུར་པ་(Donald Trump)་མཆོག་གིས་དེ་སྔ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་༣༡་ཐོ་གཞུང་ནག་པོའི་ནང་བཅུག་ནས་དེ་དག་གི་ནང་ཨ་རིའི་ཁེ་ལས་པ་དང་སྡེ་ཚན་ཚོས་མ་འཛུགས་བྱེད་མི་ཆོག་པའི་ཐག་གཅོད་གནང་ཡོད་ཅིང་། ད་རེས་སྲིད་འཛིན་(Joe Biden)་གྱིས་བསྐྱར་ཞིབ་གནང་པའི་ཐོ་གཞུང་ནག་པོའི་ནང་། རྒྱ་ནག་གི་ཧཱ་ཝེ་(Huawei)་བརྡ་འཕྲིན་འཕྲུལ་ལས་བཟོ་ཚོང་ཁང་དང་། རྒྱ་ནག་གཞུང་གིས་བདག་ཉར་བྱེད་བཞིན་པའི་བརྡ་འཕྲིན་བཟོ་ཚོང་ལས་ཁང་། དེ་བཞིན་རྒྱ་ནག་གི་རྒྱལ་ཡོངས་རྡོ་སྣུམ་ཁེ་ལས་ཚན་པ་སོགས་ཁྱོན་རྒྱ་ནག་གི་བཟོ་ཚོང་ལས་ཁང་༥༩་མིང་འདོན་གནང་ཡོད་པ་རེད།
ད་ལྟའི་ཆར་རྒྱ་ནག་གཞུང་གི་ངོས་ནས་ཨ་རིའི་སྲིད་འཛིན་མཆོག་གི་ཐག་གཅོད་ལ་ལན་འདེབས་ཁ་གསལ་བྱས་མི་འདུག་ཀྱང་། དུས་རྒྱུན་དུ་རྒྱ་ནག་གཞུང་གི་རྒྱལ་ནང་བདེ་འཇགས་ཀྱི་གནད་དོན་ཐད་ཨ་རིས་གནས་ཚུལ་ལ་འཁྱོག་བཤད་བྱེད་ཀྱི་ཡོད་ལུགས་ཀྱི་སྐྱོན་འཛུགས་བྱས་ནས། རྒྱ་ནག་གི་ཁེ་ཕན་སྲུང་སྐྱོབ་ཀྱི་དོན་དུ་དགོས་ངེས་ཅན་གྱི་འཁོན་ལན་སློག་རྒྱུ་ཡིན་ལུགས་སོགས་བརྗོད་ཀྱི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།