ཨ་རིའི་གྲོས་ཚོགས་ཀྱིས་བོད་ལ་ཨ་སྒོར་ས་ཡ་བཅུ་བདུན་གྱི་རོགས་དངུལ་གཏན་འབེབས།


2018-03-23
Share
ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༡༤ ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༡༤
ཀླུ་འབུམ།/RFA

ཨ་རིའི་གྲོས་ཚོགས་ཀྱིས་སྤྱི་ལོ་༢༠༡༨ལོའི་སྔོན་རྩིས་སྡོམ་འབོར་ཕྱི་བསྒྲགས་ཡིག་ཆའི་ནང་བོད་ནང་དང་། དེ་བཞིན་རྒྱ་གར། བལ་ཡུལ་བཅས་སུ་གནས་སྡོད་བཙན་བྱོལ་བོད་མི་རྣམས་ཀྱི་ཆེད་མ་དངུལ་ཨ་སྒོར་ས་ཡ་བཅུ་བདུན་གྱི་རོགས་རམ་གནང་རྒྱུའང་འཁོད་འདུག
དེ་ཡང་གོང་བརྗོད་ཨ་རིའི་གྲོས་ཚོགས་ཀྱི་སྤྱི་ལོ་༢༠༡༨ལོའི་སྔོན་རྩིས་བཀའ་འཁྲོལ་གསལ་བསྒྲགས་དེའི་ནང་། བོད་ཕྱི་ནང་གཉིས་ལ་ཨ་སྒོར་ས་ཡ་༡༧གྱི་རོགས་སྐྱོར་གནང་རྒྱུའི་ཁྲོད། ཨ་སྒོར་ས་ཡ་བརྒྱད་བོད་ནང་བོད་མི་གནས་སྡོད་ཀྱི་ས་གནས་ཁག་གི་ནང་གཏོང་རྒྱུ་དང་། བོད་མི་མ་ཡིན་པའི་མི་རིགས་རྣམས་བོད་ནང་གཞིས་སྤོས་མི་ཡོང་བ་དང་། བོད་མིའི་སའི་བདག་དབང་དང་རང་བྱུང་ཐོན་དངོས་གཞན་ལ་མི་ཤོར་བའི་ཆེད་དང་། བོད་ནང་གི་འཛུགས་སྐྲུན་ལས་འཆར་ཁག་ས་གནས་ཀྱི་དགོས་མཁོར་དམིགས་ཏེ་བོད་མིའི་ཆོས་དང་། རིག་གཞུང་། གོམ་གཤིས་ལ་གུས་བཀུར་ཆེད་བཀོལ་དགོས་བ་བརྗོད་འདུག
དེ་བཞིན་ཨ་སྒོར་ས་ཡ་དྲུག་རྒྱ་གར་དང་བལ་ཡུལ་ནང་གནས་སྡོད་བོད་མིའི་ཆེད་ཡིན་ཞིང་། དེ་དག་ནས་བཙན་བྱོལ་བོད་མི་རྣམས་ཀྱི་རིག་གཞུང་སྲུང་སྐྱོབ་གོང་འཕེལ་དང་། གཞིས་ཆགས་སྲ་བརྟན། ཤེས་ཡོན་ཡར་རྒྱས། མ་འོངས་མགོ་ཁྲིད་གསོ་སྐྱོང་བཅས་ཀྱི་ཆེད་ཡིན་འདུག
དེ་མིན་ཨ་སྒོར་ས་ཡ་གསུམ་དེ་བཙན་བྱོལ་བོད་མིའི་འཛིན་སྐྱོང་དང་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་སྲ་བརྟན་ཆེད་ཡིན་པ་སོགས་ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་ཕྱི་བསྒྲགས་ཡིག་ཆ་དེའི་ནང་འཁོད་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།