ཨ་རིས་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཅིག་རྒྱ་ནག་གི་ངོ་ཚབ་ལ་ངོས་འཛིན།

2020-02-19
གློག་འཕྲིན།
མཆན།
Share
པར་བཀོད།
ནེའུ་ཡོག་ཏུ་རྒྱ་ནག་གི་ཞིན་ཧྭ་གསར་ཁང་ལ་ངོ་རྒོལ་བྱེད་བཞིན་པ། 2011
ནེའུ་ཡོག་ཏུ་རྒྱ་ནག་གི་ཞིན་ཧྭ་གསར་ཁང་ལ་ངོ་རྒོལ་བྱེད་བཞིན་པ། 2011
AFP

རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་སྡེ་ཁག་ཅིག་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་བསྒྲུབ་མཁན་ཡིན་པ་ཨ་རིའི་གཞུང་གིས་ངོས་འཛིན་གནང་གི་ཡོད་འདུག
གནད་དོན་དེ་ནི་རྒྱ་ནག་གིས་ཨ་རིའི་ནང་ཤུགས་རྐྱེན་དང་གསང་བའི་ལས་དོན་སྤེལ་གྱི་ཡོད་པར་ཨ་རིའི་སྲིད་འཛིན་(Trump)་སྲིད་གཞུང་གིས་འགོག་རྒོལ་བྱ་ཐབས་ཤིག་ཡིན་ཞིང་། སྤྱི་ཟླ་གཉིས་པའི་ཚེས་༡༨་ཉིན་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་སྡེ་ཁག་ལྔ་ཕྱིའི་རྒྱལ་ཁབ་ཀྱི་ངོ་ཚབ་ཚོགས་པར་ངོས་འཛིན་གནང་ཡོད།
གསར་འགྱུར་གྱི་ལས་རིགས་སྤེལ་མཁན་མིན་པར་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་གྱི་ཚོགས་པར་ངོས་འཛིན་བྱས་པའི་གསར་འགྱུར་སྡེ་ཁག་དེ་དག་ནི། རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ཁང་དང་། གོ་ལའི་བརྙན་འཕྲིན་དྲ་བ། ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་ཁང་།   རྒྱ་ནག་གི་ཉིན་རེའི་ཚགས་ཤོག མི་དམངས་ཉིན་རེའི་ཚགས་ཤོག་བཅས་ཡིན་འདུག
ཨ་རིའི་གཞུང་གིས་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་སྡེ་ཁག་དེ་དག་ལ་ལྟ་རྟོག་ནན་མོ་བྱེད་རྒྱུ་ཡིན་པ་དང་། ཡིན་ནའང་ད་ལྟའི་ཆར་ཁོ་ཚོའི་གསར་འགྱུར་གྱི་ལས་ཀ་བྱ་རྒྱུར་བཀག་སྡོམ་བྱ་རྒྱུ་མིན་པའི་སྐོར་བཀོད་ཡོད་འདུག
ཨ་རིའི་གྲོས་ཚོགས་ཀྱི་གཏན་འཁེལ་ཡིག་ཆ་དེའི་ནང་དུ་འཁོད་དོན་ལྟར་ན། གསར་འགྱུར་སྡེ་ཁག་དེ་དག་རྒྱ་ནག་གི་ངོ་ཚབ་ཚོགས་པར་ངོས་འཛིན་བྱས་པའི་རྗེས། གསར་འགྱུར་སྡེ་ཁག་དེ་དག་གིས་ཨ་རིའི་ནང་དུ་ཁྲིམས་མཐུན་གྱིས་ཐོ་འགོད་བྱ་དགོས་པ་ནི། ཁང་པ་གླ་བ་དང་ཉོ་བ་སོགས་ཀྱི་ལས་དོན་གང་ཡིན་རུང་ངེས་པར་དུ་ཨ་རིའི་གཞུང་གི་ཆོག་མཆན་ཐོབ་དགོས་ཀྱི་ཡོད་པ་མ་ཟད། ཨ་རིའི་ནང་དུ་ལས་ཀ་བྱེད་མཁན་རྣམས་ལའང་ཨ་རིའི་ལས་ཀའི་ཐོབ་ཐང་ལག་འཁྱེར་ངེས་པར་དུ་དགོས་པའི་སྐོར་འཁོད་ཡོད་འདུག
ད་དུང་ཡིག་ཆའི་ནང་། ཨ་རིའི་གཞུང་གིས་གསར་འགྱུར་སྡེ་ཁག་དེ་དག་ནི་གཞུང་ཚབ་ཁང་དང་གཅིག་གྱུར་གྱི་གཏན་འཁེལ་བྱེད་རྒྱུ་ཡིན་ནའང་གསར་འགྱུར་སྡེ་ཁག་དེ་དག་ལ་ཕྱི་འབྲེལ་གྱི་གོ་གནས་གང་ཡང་སྤྲད་རྒྱུ་མིན་ཞེས་འཁོད་ཡོད་འདུག
དེའི་ཐད་ཕྱི་ཚེས་༡༩་ཉིན་རྒྱ་ནག་གི་མགྲིན་ཚབ་པ་གང་ཧྲོང་གིས་གསར་འགོད་ལྷན་ཚོགས་ཐོག ཨ་རི་གཞུང་གིས་རྒྱུན་དུ་ནས་རང་ཉིད་གསར་འགོད་རང་དབང་གི་དཔེ་མཚོན་ལྟ་བུར་ངོས་འཛིན་གྱིས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་གྱིས་ཨ་རིའི་ནང་རྒྱུན་ལྡན་གྱི་གསར་འགྱུར་ལས་དོན་སྤེལ་རྒྱུར་འགོག་རྐྱེན་བཟོ་ཡི་ཡོད་པ་དང་། ཨ་རི་གཞུང་གིས་གྲངས་དམག་འཁོན་འཛིན་སྐབས་ཀྱི་བསམ་བློའི་འཁྱེར་བཟོ་དོར་ནས་ཨ་རི་དང་རྒྱ་ནག་དབར་ཡིད་ཆེས་དང་མཉམ་ལས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་གཏོང་རྒྱུའི་བྱ་སྤྱོད་ཁག་མཚམས་འཇོག་དགོས་ལུགས་ལན་འདེབས་བྱས་ཡོད་འདུག
དེ་བཞིན་ཨ་མི་རི་ཀའི་(Wall Street Journal)་ཞེས་པའི་གསར་ཤོག་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་དང་འབྲེལ་འགོ་བརྗོད་དུ། ༼རྒྱ་ནག་ནི་ཨེ་ཤེ་ཡའི་མི་ནད་པ་ངོ་མ་དེ་རེད༽་ཞེས་བཀོད་པའི་རྩོམ་ཡིག་ཞིག་བཀོད་པར་བརྟེན། རྒྱ་ནག་གིས་དེ་ནི་རྒྱ་ནག་ལ་མིང་ངན་པ་བཟོ་བ་དང་། མི་རིགས་རིང་ལུགས་ཀྱི་བསམ་ཚུལ་བཀོད་པ་ཞིག་ཡིན་ཚུལ་བཤད་ནས་རྒྱ་ནག་ནང་ཡོད་པའི་གསར་ལས་ཁང་དེའི་གསར་འགོད་པ་གསུམ་གྱི་ངོ་སྤྲོད་ལག་ཁྱེར་ཕྱིར་བསྡུ་བྱས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།