ཨ་མི་རི་ཀས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞི་ལག་བསྟར།


2020.07.08
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་ལགས། ༢༠༢༠ ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་ལགས། ༢༠༢༠
AFP

ཨ་རིའི་གཞུང་གི་ངོས་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་འབྱུང་ཐབས་ལ་འགྱུར་མེད་ཀྱི་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གསལ་བསྒྲགས་གནང་འདུག
ཨ་མི་རི་ཀ་དང་རྒྱ་ནག་བར་གནད་དོན་འདྲ་མིན་ཐད་མི་མཐུན་པའི་རྩོད་རྙོག་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། ཕྱི་ཟླ་ ༧ ་ཚེས་ ༧ ་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེའི་མཚན་ཐོག་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས། ཨ་མི་རི་ཀའི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཨ་རིའི་མི་སེར་ཐོག་དྲང་བདེན་དང་ཕྱི་གསལ་ནང་གསལ། བྱེད་ཕྱོགས་འདྲ་མཚུངས་ལག་བསྟར་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། དམིགས་ཡུལ་དེ་མདུན་བསྐྱོད་ཡོང་ཐབས་སུ་འབད་བརྩོན་ཡང་བྱས་ཡོད། ཡིན་ན་ཡང་སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་ཐེ་བའི་བོད་མིའི་ས་ཁུལ་གཞན་ཁག་གི་ནང་། ཨ་རིའི་ཕྱི་འབྲེལ་མི་སྣ་དང་ལས་བྱེད་པ། གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་བསྐྱོད་རྒྱུར་འཆར་གཞི་ལྡན་པའི་ཐོག་ནས་འགོག་རྐྱེན་བཟོ་བཞིན་ཡོད་པ་དང་། རྒྱ་ནག་གི་ཕྱོགས་ནས་རྒྱ་ནག་གཞུང་གི་ལས་བྱེད་པ་དང་དེ་མིན་རྒྱ་མིའི་མི་སེར་ཨ་རིའི་ནང་ཡོང་རྒྱུར་ཚད་གཞི་མཐོ་བའི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་ཡོད་པ་ནི་ཐོབ་ཐང་འདྲ་མཉམ་མིན་པས། ད་ཆ་ཨ་མི་རི་ཀའི་ངོས་ནས་༢༠༡༨་ལོའི་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་ཡིག་གི་འབྲུ་དོན་གཞིར་བཟུང་། བོད་ཀྱི་ས་ཁུལ་ཁག་ནང་ཕྱི་རྒྱལ་མི་རིགས་འགྲོ་བསྐྱོད་བཀག་འགོག་གི་སྲིད་ཇུས་བཟོ་མཁན་དང་། ལག་བསྟར་བྱེད་མཁན་གྱི་རྒྱ་ནག་གཞུང་གི་དཔོན་རིགས་ཚོ་ཨ་རིར་ཡོང་རྒྱུའི་ཐོངས་མཆན་(Visa)་ཐོག་དམ་དྲག་བྱེད་རྒྱུའི་གསལ་བསྒྲགས་གནང་ཡོད།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་དམ་དྲག་བཀག་སྡོམ་དེའི་འོག་རྒྱ་ནག་གཞུང་དང་དམར་ཤོག་ཚོགས་པའི་འགོ་ཁྲིད་སུ་སུ་ཡོད་མེད་འདྲི་རྩད་བྱས་སྐབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། ཐོངས་མཆན་དང་འབྲེལ་བའི་གནས་ཚུལ་ཁག་ཨ་རིའི་ཁྲིམས་ལུགས་ལྟར་གསང་གནས་ཡིན་པར་བརྟེན། མི་སྒེར་གྱི་མིང་དང་ངོ་སྤྲོད་བཅས་པ་ཕྱི་ལ་སྤྲད་ཆོག་གི་ཡོད་མ་རེད་ཅེས་དང་། ཨ་མི་རི་ཀས་རྒྱ་ནག་གི་ཕྱོགས་ནས་དྲང་བདེན་དང་། ཕྱི་གསལ་ནང་གསལ། འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་དགོས་པའི་དགོས་འདུན་བཏོན་པ་དང་། དེ་དག་བསྒྲུབ་ཐབས་སུ་ཨ་རིའི་གཞུང་གིས་རྒྱུ་མཚན་ལྡན་པའི་དམིགས་ཡུལ་འགྲུབ་ཐབས་སུ་གོམས་སྟབས་ཁག་ཅིག་སྤོས་ཟིན་ཡོད་ཅེས་ཡིག་ཐོག་ནས་འགྲེལ་བརྗོད་གནང་བྱུང་།
ད་ཐེངས་ཨ་མི་རི་ཀ་གཞུང་གི་བྱེད་ཐབས་དེའི་ཐད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ད་ཐེངས་ཨ་རིའི་གཞུང་གི་ངོས་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ལ་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་བོད་མིའི་རང་དབང་ཐད་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ཡོངས་ཁྱབ་གསལ་སྒྲགས་གནང་བ་མ་ཟད། བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞིའི་ནང་དོན་ལྟར་ལག་བསྟར་བྱས་བ་དེས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པ་མ་ཟད། རྒྱལ་སྤྱིའི་སྟེང་ལ་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་རྒྱུའི་ཕན་ཐོགས་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་གསུངས་ཡོད་པ་རེད།
ཡང་གནས་ཚུལ་དེའི་ཐད་འདི་ག་རླུང་འཕྲིན་ཁང་གིས་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སོ་ཧྥི་རི་ཅརཌ་སོན་ལགས་སུ་བཅར་འདྲི་བྱས་སྐབས། ཁོང་མོས། ད་ལྟ་འཛམ་གླིང་ནང་འགྲུལ་བཞུད་བྱེད་མཁན་ཉུང་ཉུང་ཡིན་པའི་སྐབས་འདིར་དུས་ཡུན་ཐུང་ཐུང་རིང་ལ་དམིགས་བསལ་ཁྱད་པར་ཆེ་བ་རིགས་འགྲོ་རྒྱུ་མེད་ཀྱང་།  འདི་ནི་ཨ་རིའི་གཞུང་གི་ཐབས་བྱུས་ཤིག་ཡིན་ལ། ཐོངས་མཆན་སྤྲོད་མིན་གྱི་ཐག་གཅོད་དབང་ཆ་འདི་རྒྱལ་ཁབ་གང་ཞིག་གི་དབང་ཚད་ཡིན། འོན་ཀྱང་འདི་ནི་རྒྱ་ནག་གཞུང་གིས་བོད་ནང་འགྲོ་འོང་ལ་འགོག་རྐྱེན་བཟོ་བཞིན་པའི་ཐད་ཡིད་ཐང་ཆད་པའི་རྣམ་འགྱུར་གྱི་བརྡ་ལན་ཞིག་མཚོན་གྱི་ཡོད་རེད། ཨ་རིའི་གཞུང་གི་ཉམས་ཚོད་འདི་དོ་སྣང་བྱེད་གཞི་གཅིག་ཏུ་གྱུར་ཡོད་ལ། ལྷག་པར་ཐག་གཅོད་འདིར་རྒྱ་ནག་གཞུང་གིས་ཡ་ལན་གང་འདྲ་བྱེད་མིན་འདི་དམིགས་བསལ་དོ་སྣང་བྱེད་གཞི་གཅིག་རེད་ཅེས་དང་། ད་རེས་ཨ་མི་རི་ཀས་རྒྱ་ནག་གི་ཐོག་འགྲོ་འོང་བཀག་སྡོམ་ལག་བསྟར་བྱས་པ་དེས། ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཐད་རྡོག་རོལ་བཏང་བ་དང་འབྲེལ་བའི་ཁྲིམས་ཡིག་ཁག་ལག་བསྟར་བྱེད་རྒྱུའི་ཐོག་ལ་གནད་དོན་ཇི་གླེང་ལའང་དོ་སྣང་བྱེད་གཞི་ཞིག་ཆགས་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད།
ཕྱི་ཚེས་ ༨ ་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲུའོ་ལི་ཅེན་གྱིས་གནད་དོན་དེའི་ཐད། བོད་ནང་རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་དང་གསར་འགོད་པ་སོགས་འགྲོ་སྐྱོད་བྱེད་དུ་འཇུག་གི་མེད་ཚུལ་བརྗོད་པ་ནི་བོད་དོན་ཁ་ལ་འཁྱེར་ནས་ཆེད་དམིགས་བྱ་སྤྱོད་སྤེལ་བ་རེད། དེ་ལྟར་བྱས་ན་ང་ཚོའི་ངོས་ནས་ཀྱང་རྒྱ་ནག་ནང་ཡོང་རྒྱུའི་ཐོངས་མཆན་ཐད་དམ་དྲག་བྱ་རྒྱུ་ཡིན་ཅེས་དང་། ཨ་རིའི་ཕྱོགས་ནས་བོད་དོན་དང་འབྲེལ་བའི་ལམ་ཁ་ནོར་འཁྲུལ་ཅན་ལ་ཕྱོགས་རྒྱུ་མཚམས་འཇོག་བྱས་ན་ཡག་པོ་ཡོད་པ་ལན་འདེབས་བྱས་འདུག
དམིགས་བསལ་ད་ཐེངས་ཨ་རིའི་ཕྱི་སྲིད་དྲུང་ཆེ་པོམ་པེའོ་མཆོག་གི་གསལ་བསྒྲགས་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དང་། དེ་བཞིན་རྒྱ་ནག་གིས་ཨེ་ཤེ་ཡའི་ནང་རྒྱུགས་བཞིན་པའི་གཙང་པོ་ཆེ་ཁག་ཆུ་འགོ་གནས་སའི་བོད་ཀྱི་ཁོར་ཡུག་ཉམས་ཆགས་འགྲོ་བཞིན་པར་བཀག་འགོག་མི་བྱེད་པ་སོགས་ཀྱི་གནད་དོན་ལ་གཞིགས་ནས་བོད་དུ་འགྲོ་བསྐྱོད་ཆོག་པ་དགོས་རྒྱུ་ནི་མངའ་ཁུལ་བདེ་འཇགས་ཀྱི་འགག་རྩའི་རང་བཞིན་ཅན་ཞིག་ཡིན་པ་གསུངས་བ་མ་ཟད། ཨ་རིའི་གཞུང་གི་ངོས་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་འབྱུང་ཐབས་ལ་འགྱུར་མེད་ཀྱི་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་འདུག
བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀ་ནས་ཚད་མཐོའི་རྒྱབ་སྐྱོར་ཐོབ་རྗེས། ཨ་མི་རི་ཀའི་སྲིད་འཛིན་(TrumP)་ཌོ་ནལཌ་ཏྲམཔ་མཆོག་གིས་ ༢༠༡༨  ཕྱི་ཟླ་ ༡༢  ཚེས་ ༡༩  ཉིན་མཚན་རྟགས་བཀོད་ནས། ཨ་མི་རི་ཀའི་གཞུང་གི་ལག་བསྟར་ཁྲིམས་ཡིག་ཆགས་ཡོད་པ་རེད། ཁྲིམས་ཡིག་གི་འབྲུ་དོན་གཞིར་བཟུང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཁྲིམས་ཡིག་གི་འབྲུ་དོན་ནང་གསལ་བའི་ལག་བསྟར་བྱེད་དགོས་ཁག་ལ་ལས་དོན་ཇི་སྤེལ་ཨ་རིའི་གྲོས་ཚོགས་སུ་ལོ་ལྟར་ལས་དོན་སྙན་སེང་ཞུ་དགོས་ཀྱི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎