ཨ་རིའི་གྲོས་ཚོགས་གོང་མས་གཏན་འབེབས་གནང་བའི་ཁྲིམས་འཆར་གསར་བའི་ནང་བོད་དང་འབྲེལ་བའི་དོན་ཚན་ཁ་ཤས་བཀོད་འདུག

2021-06-09
Share
ཨ་རིའི་གྲོས་ཚོགས་གོང་མས་གཏན་འབེབས་གནང་བའི་ཁྲིམས་འཆར་གསར་བའི་ནང་བོད་དང་འབྲེལ་བའི་དོན་ཚན་ཁ་ཤས་བཀོད་འདུག ཨ་རིའི་གྲོས་ཚོགས་གོང་མའི་དབུ་ཁྲིད་(Chuck Schumer)་ལགས།
AFP

ཨ་མི་རི་ཀའི་གྲོས་ཚོགས་གོང་མས་རྒྱ་ནག་གི་བཟོ་ལས་རིག་རྩལ་གྱི་ཉེན་ཁར་གདོང་ལེན་ཆེད་གཏན་འབེབས་གནང་བའི་ཁྲིམས་འཆར་གསར་བའི་ནང་བོད་དང་འབྲེལ་བའི་དོན་ཚན་ཁ་ཤས་བཀོད་འདུག
འདི་ཚེས་༨་ཉིན་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་། རྒྱ་ནག་གི་དཔལ་འབྱོར་དང་བཟོ་ལས་རིག་རྩལ་གྱི་ཉེན་ཁར་གདོང་ལེན་ཆེད་ཁྲིམས་འཆར་གསར་བ་ཞིག་བཞག་པར་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་བྱུང་ཡོད་པ་དང་། གཏན་འབེབས་བྱུང་བའི་ཁྲིམས་འཆར་དེའི་ནང་བོད་དང་འབྲེལ་བའི་གནད་དོན་གལ་ཆེན་ཁག་ཅིག་བཀོད་ཡོད་པ་ནི། ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་གཞག་དེ་སྲིད་འཛིན་གྱིས་ཐད་ཀར་བསྐོ་གཞག་གམ་གྲོས་ཚོགས་གོང་མའི་ལམ་སྟོན་དང་བཀའ་འཁྲོལ་འོག་དྲུང་གཞོན་ལས་རོགས་ཀྱི་གོ་གནས་སམ་དེ་ལས་མཐོ་བ་ཞིག་བསྐོ་རྒྱུ་དང་། ཨ་རིའི་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་འགྱུར་བ་མེད་ཐོག་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་བྱེད་རྒྱུ་དང་། རྒྱ་ནག་པེ་ཅིང་དུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཁང་དུ་བོད་ཀྱི་སྡེ་ཚན་ཞིག་ཟུར་འཛུགས་དགོས་པ་སོགས་བོད་དོན་དང་འབྲེལ་བའི་གལ་ཆེའི་གནད་དོན་ཁག་ཅིག་བཀོད་འདུག
གྲོས་ཆོད་དེར་གྲོས་ཚོགས་གོང་མའི་འཐུས་མི་བརྒྱ་ནས་༦༨་གྱིས་རྒྱབ་སྐྱོར་དང་༣༢་ཡིས་རྒྱབ་སྐྱོར་བྱས་མེད་པ་རེད་ལ་དེ་ནི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་གྱི་གཞུང་འཛིན་མང་གཙོ་ཚོགས་པར་གྲོས་ཚོགས་ནང་མང་མོས་ཕྲན་བུ་ལས་མེད་ཀྱང་ཚོགས་པ་ཐུན་མོང་གིས་རྒྱབ་སྐྱོར་གནང་བ་དཀོན་པའི་གྲས་ཞིག་ཡིན་འདུག
གྲོས་ཆོད་ཁྲིམས་འཆར་འདིས་ཨ་མི་རི་ཀའི་བཟོ་ལས་རིག་རྩལ་ནུས་ཤུགས་གོང་འཕེལ་ཆེད་ཨ་སྒོར་ཐེར་འབུམ་༡༩༠་བཀའ་འཁྲོལ་གནང་ཡོད་པ་མ་ཟད། དེང་དུས་ཀྱི་འབྲེལ་མཐུད་ཡོ་ཆས་འཛུགས་བསྐྲུན་ཞིབ་འཇུག་ཆེད་ཨ་སྒོར་ཐེར་འབུམ་༥༤་ཟུར་དུ་བཀའ་འཁྲོལ་གནང་བ་ནས་ཨ་སྒོར་ཐེར་འབུམ་གཉིས་བར་ལམ་ནས་ཧ་ཅང་དཀོན་པོ་ཆགས་པའི་སྣུམ་འཁོར་འགུལ་ཤུགས་སྐྱེད་བྱེད་ཀྱི་འཕྲུལ་ཆས་མཁོ་འདོན་ཆེད་ཟུར་བཀག་གནང་འདུག
དེ་མ་ཐག་རྒྱ་ནག་གི་ཕྱོགས་ནས་ཁྲིམས་འཆར་དེར་བློ་ཕམ་ངང་ངོ་རྒོལ་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཨ་མི་རི་ཀས་འཛམ་གླིང་ནང་རྒྱལ་ཁབ་མི་འདྲ་བ་ཞིག་བྱེད་རྒྱུའི་རློམ་སེམས་ཁོ་ན་བཟུང་ནས་གསར་གཏོད་དང་འགྲན་རྩོད་གྱི་ཁོར་ཡུག་མེད་པ་བཟོས་ཡོད་ལུཌ་སྐྱོན་བརྗོད་བྱས་འདུག གྲོས་ཆོད་ཁྲིམས་འཆར་དེར་སྲིད་འཛིན་འཇཱོ་སྦཡེ་ཌེན་གྱིས་མཚན་རྟགས་མ་བཀོད་གོང་། གྲོས་ཚོགས་འོག་མས་རྒྱབ་སྐྱོར་དགོས་པ་དང་ད་ལྟའི་སྐབས་སུ་གྲོས་ཆོད་ཀྱི་ངོ་བོ་ག་དུས་གཏན་འབེབས་གནང་མིན་གསལ་པོ་མེད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།