ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་ནང་གི་གནས་སྟངས་ཐད་ཐུགས་ཚབས་ཡོད་པ་གསལ་སྟོན།

2021-08-06
Share
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་ནང་གི་གནས་སྟངས་ཐད་ཐུགས་ཚབས་ཡོད་པ་གསལ་སྟོན། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Antony Blinken) ༨།༢།༢༡
AP

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས་ཀྱིས་བོད་དང་ཧོང་ཀོང་ཤིན་ཅང་བཅས་ཀྱི་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་མུ་མཐུད་དུ་གཏོང་བཞིན་པར་ཐུགས་ཚབས་ཡོད་པ་གསལ་སྟོན་གནང་འདུག
དེ་ཡང་འདི་ཚེས་༦་རེས་གཟའ་པ་སངས་ཉིན་རུཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས་ཀྱིས་རྒྱལ་ཁབ་ཉི་ཤུ་ལྷག་ཙམ་ལས་གྲུབ་པའི་ལྷོ་ཤར་ཨེ་ཤེ་ཡའི་ཁུལ་གྱི་མཉམ་མཐུན་ལྷན་ཚོགས་ཀྱི་དྲ་ཐོག་ལྷན་འཛོམས་ཐོག་གསུང་བཤད་གནང་པའི་སྐབས། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གིས་དཀྲོག་རྐྱེན་སློང་བཞིན་པ་དེ་མཚམས་མཇོག་བྱེད་དགོས་པ་མ་ཟད། བོད་དང་། ཧོང་ཀོང་། ཤིན་ཅང་བཅས་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེ་བཏང་དང་གཏོང་བཞིན་པ་དེར་ཧ་ཅང་གིས་ཐུགས་ཚབས་ཡོད་པའི་སྐོར་གསུང་པ་དང་། ད་དུང་ཨ་ཤེ་ཡའི་རྒྱལ་ཁབ་ཁག་དང་མཐུན་ཕྱོགས་རྒྱལ་ཁབ་ཚོའི་ཕྱི་འབྲེལ་བློན་ཆེན་རྣམ་པར། རྒྱ་ནག་གཞུང་གིས་རྒྱུན་ཆད་མེད་པར་རྡུལ་ཕྲན་གོ་མཛོད་འཕེལ་རྒྱས་གཏོང་བཞིན་པར་ཧ་ཅང་གི་ཐུགས་ཚབས་ཆེན་པོ་ཡོད་པ་གསལ་སྟོན་གནང་ཡོད་པ་བཅས་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་གསལ་བསྒྲགས་སྤེལ་འདུག
ཉེ་དུས་རྒྱ་ནག་གི་ཐོག་ཉམས་ཞིབ་གནང་མཁན་ཁག་གིས་སྲུང་སྐར་བརྒྱུད་པར་བླངས་པའི་ས་དབྱིབས་ཀྱི་སྙན་ཐོ་ལས། རྒྱ་ནག་གཞུང་གིས་ད་ལྟ་རྡུལ་ཕྲན་གོ་མཚོན་གྱི་འཕུར་མདའ་འཇོག་སའི་ས་དོང་གསར་པ་བརྒྱ་ཕྲག་འཛུགས་སྐྲུན་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་བའི་སྙན་ཐོ་ཐོན་པའི་རྗེས། ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་ཕྱི་སྲིད་ལྷན་ཁང་གཉིས་ཀས་རྒྱ་ནག་གཞུང་གིས་རྡུལ་ཕྲན་གོ་མཚོན་འཕེལ་རྒྱས་གཏོང་བཞིན་པར་ཐུགས་ཚབས་གསལ་བཏོན་གནང་ཡོད་པ་རེད།
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གཟའ་འཁོར་འདིའི་ནང་ཨེ་ཤེ་ཡའི་མངའ་ཁུལ་གྱི་ལྷན་ཚོགས་རིམ་པའི་ནང་མཉམ་ཞུགས་གནང་སྟེ། ཨ་མི་རི་ཀས་རྒྱ་ནག་གི་རྒྱ་བསྐྱེད་སྟོབས་ཤུགས་འགོག་ཐབས་གནང་བཞིན་པར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ནས་དོན་ཕན་ལྡན་པའི་རྒྱབ་སྐྱོར་ཐོབ་ཐབས་སུ་ཨ་རིའི་ཕྱོགས་ནས་འབད་བརྩོན་ཤུགས་ཆེ་གནང་གི་ཡོད་པ་རེད།

གསར་འགོད་པ། ཚེ་བརྟན་རྡོ་རྗེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།