ཨ་རི་དང་རྒྱ་ནག་དབར་འཁོན་འཁྲུག་གི་སྐབས་འདིར་རྒྱ་ནག་གིས་དཔལ་འབྱོར་གནས་སྟངས་ཐད་བློ་འཚབ།

2020-08-14
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཉིས།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཉིས།
file photo

ཨ་རི་དང་རྒྱ་ནག་གི་འཁོན་འཁྲུག་ཆེ་རུ་ཕྱིན་པ་ཡིན་ན་རྒྱ་ནག་ལ་དཔལ་འབྱོར་ཐད་དཀའ་ངལ་ཆགས་སྲིད་པ་རྒྱ་ནག་གི་དཔལ་འབྱོར་ཆེད་མཁས་པ་ཚོས་བློ་འཚབ་བྱེད་བཞིན་ཡོད་འདུག
ཨ་མི་རི་ཀ་དང་རྒྱ་ནག་གཉིས་དབར་གྲང་དམག་ལྟ་བུའི་འཁོན་འཁྲུག་དེ་མུ་མཐུད་དུ་ཆེ་རུ་ཕྱིན་པ་ཡིན་ན། རྒྱ་ནག་གིས་ཨ་རིའི་ནང་མ་འཛུགས་བྱས་པའི་དངུལ་འབོར་ཁག་ཅིག་ཨ་མི་རི་ཀས་གཞུང་བཞེས་དང་། རྒྱ་ནག་ལ་ཚོང་འབྲེལ་སྐབས་ཨ་མི་རི་ཀའི་དངུལ་ལོར་བེད་སྤྱོད་གཏོང་མི་ཆོག་པ་སོགས་བཟོས་ཏེ་དཔལ་འབྱོར་གྱི་དཀའ་ངལ་བཟོ་སྲིད་པ་རྒྱ་ནག་གི་དཔལ་འབྱོར་ཆེད་ལས་པ་མང་པོ་ལ་བློ་འཚབ་ཡོང་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་དཔལ་འབྱོར་རིག་པ་བ་(Yu Yongding)་ལྟ་བུ་དཔལ་འབྱོར་དཔྱད་ཞིབ་པ་ཚོས། ད་ལྟའི་ཨ་མི་རི་ཀའི་སྲིད་གཞུང་ནི་མཐར་ལྷུང་གི་བསམ་ཚུལ་ཤུགས་ཆེ་བཟུང་མཁན་གྱི་གཞུང་འཛིན་ཞིག་ཡིན་པ་དང་། ཨ་མི་རི་ཀས་རྒྱ་ནག་ཐད་དཔལ་འབྱོར་གྱི་དམག་འཐབ་འགོ་བཙུགས་ཟིན་ཡོད་པ་དང་། མཐའ་མའི་ལག་ཆ་ལྟ་བུར་རྒྱ་ནག་ལ་རྒྱལ་སྤྱིའི་ཚོང་འབྲེལ་ནང་ཨ་མི་རི་ཀའི་ཌོ་ལར་བེད་སྤྱོད་གཏོང་མི་ཆོག་པ་བཟོས་ཏེ་བཀག་སྡོམ་བྱ་སྲིད་པའི་སྐོར་(Reuters)་གསར་ལས་ཁང་ལ་བསམ་ཚུལ་གསལ་སྟོན་བྱས་ཡོད་འདུག
ཕྱོགས་མཚུངས་དེ་སྔ་རྒྱ་ནག་གཞུང་གི་ཕྱི་དངུལ་འཛིན་སྐྱོང་གི་འགན་འཛིན་དང་། ད་ལྟ་རྒྱ་ནག་གི་རྒྱལ་སྤྱིའི་དངུལ་ཁང་གི་དཔལ་འབྱོར་དཔྱད་ཞིབ་པ་(Guan Tao)་ཡིས། རྒྱ་ནག་གི་ངོས་ནས་གནས་སྟངས་དེ་འདྲ་ཞིག་འགྱུར་སྲིད་པའི་བསམ་བློའི་གྲ་སྒྲིག་དགོས་པ་དང་། དཀའ་ངལ་དེར་གདོང་ལེན་ཆེད་དཔེར་ན། རྒྱ་ནག་གིས་ཀོ་ཝིཌ་༡༩་ཏོག་དབྱིབས་གསར་བའི་ནད་ཡམས་སྨན་བཅོས་ཀྱི་སྨན་ཕྱིར་ཚོང་སྐབས་རིན་པ་རྒྱ་ནག་གི་དངུལ་ལོར་ནང་ལེན་རྒྱུ་སོགས་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་བརྗོད་ཡོད་པ་རེད།
རྒྱ་ནག་ནང་དཔལ་འབྱོར་དཔྱད་ཞིབ་པ་ཚོས། ཉེ་ལམ་ཨ་མི་རི་ཀས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་། ཨ་མི་རི་ཀའི་ནང་ཚོང་ལས་སྐབས་ཨ་མི་རི་ཀའི་རྩིས་ཞིབ་ཀྱི་འགྲོ་ལུགས་དང་མཐུན་པའི་རྩིས་ཁྲ་ཉར་འཇོག་དགོས་པ་དང་། གཞན་ཡང་རྒྱ་ནག་གིས་བཟོས་བའི་ཁ་པར་གཉེན་ཆས་(Tiktok)་དང་། སྐད་འཕྲིན་(WeChat)་གཉིས་བཀག་སྡོམ་གྱི་ཐག་གཅོད་བཅས་བྱས་པའི་རྗེས་སུ། ད་ལོའི་ལོ་མཇུག་གི་ཨ་མི་རི་ཀའི་སྲིད་འཛིན་གྱི་འོས་བསྡུའི་དུས་ཡུན་བར་ཕྱོགས་གཉིས་ཀྱི་འབྲེལ་བའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་ཉེན་ཡོད་པའི་སྔོན་དཔག་བྱེད་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།