ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ནང་འབྱོར་ནས་འཚམས་གཟིགས་གནང་བཞིན་འདུག

2022.04.15
Share on WhatsApp
Share on WhatsApp
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ནང་འབྱོར་ནས་འཚམས་གཟིགས་གནང་བཞིན་འདུག ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་གིས་ཐེ་ཝན་ནང་འཚམས་གཟིགས་གནང་ནས་ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་མཇལ་འཕྲད་སྐབས། ༠༤།༡༥།༢༠༢༢
AFP PHOTO / TAIWAN PRESIDENTIAL OFFICE

ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ནང་འབྱོར་ནས་འཚམས་གཟིགས་གནང་བཞིན་འདུག
རྒྱ་ནག་གཞུང་གིས་ཉེན་བརྡ་བཏང་མིན་ལ་མ་བལྟོས་པར་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གི་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་གཟའ་ཕུར་བུ་ཉིན་ཐེ་ཝན་དུ་ཕེབས་འདུག
དེ་ཡང་འདི་ཚེས་༡༤གཟའ་ཕུར་བུ་ཉིན། ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་འབྱོར་ནས་ཉིན་གཉིས་རིང་གཟིགས་སྐོར་གནང་བཞིན་པ་དང་། ཚོགས་ཆུང་དེ་སྣེ་ཁྲིད་མཁན་ནམ་རྒྱུན་རྒྱ་ནག་ལ་ལངས་ཕྱོགས་མཁྲེགས་འཛིན་བྱེད་མཁན་གྲོས་ཚོགས་འཐུས་མི་(Lindsey Graham)་དང་། ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Bob Menendez)་བཅས་ཡིན་པ་རེད། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་མཐོ་རིམ་མི་སྣ་ཐེ་ཝན་ནང་ཕེབས་རྒྱུར་ངོ་རྒོལ་ཤུགས་ཆེ་བྱེད་མུས་ཡིན་ན་ཡང་ད་རེས་ཨ་རིའི་གྲོས་ཚོགས་འཐུས་མིས་སྐུ་ཚབ་ཚོགས་ཆུང་དེས་རྒྱ་ནག་གི་ངོ་རྒོལ་ལ་རྩིས་མེད་བཏང་བ་ཞིག་ལ་གནད་དོན་དབྱེ་ཞིབ་པ་ཁ་ཤས་ཀྱིས་ངོས་འཛིན་ཞུ་བཞིན་འདུག
ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་གསུངས་དོན། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་དང་ཕྱི་སྲིད་བློན་ཆེན་ཇོ་སེཝོ། དེ་བཞིན་བདེ་འཇགས་ཀྱི་དཔོན་རིགས་བཅས་དང་མཇལ་ཕྲད་གནང་ནས་ཨ་རི་དང་ཐེ་ཝན་གཉིས་ཀྱི་འབྲེལ་ལམ་སྐོར་དང་། ས་ཁུལ་གྱི་བདེ་འཇགས་སྐོར། དེ་བཞིན་ཕྱོགས་གཉིས་ཀྱི་ཁེ་ཕན་དང་འབྲེལ་བའི་གལ་ཆེ་གནད་དོན་གཞན་གྱི་ཐོག་ལ་ཡང་བཀའ་མོལ་གནང་རྒྱུ་རེད་འདུག
རྒྱ་ནག་གཞུང་གིས་ཐེ་ཝན་ལ་དབང་བསྒྱུར་ནམ་ཡང་བྱེད་ཐུབ་མེད་ཀྱང་། རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་གླིང་དེ་རྒྱ་ནག་སྐམ་ས་ཆེན་པོའི་ཆ་ཤས་ཤིག་ཡིན་པ་དང་། གལ་སྲིད། དགོས་གལ་བྱུང་ཚེ་རྒྱ་ནག་གི་དྲག་པོའི་དམག་གིས་ཚུར་ཟླ་སྒྲིལ་གཏོང་རྒྱུ་ཡིན་ཅེས་བརྗོད་ཀྱི་ཡོད། ལྷག་པར་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གནད་དོན་དེའི་ཐད་ཧམ་སེམས་ཆེ་རུ་ཕྱིན་ཡོད་པར་བརྟེན་ཨ་རིའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་གཉིས་དབྱེ་མེད་ཀྱིས་ཐེ་ཝན་གྱི་བདེ་འཇགས་ཐོག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།
རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས། ཨ་རིའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་གི་གཟིགས་སྐོར་དེ་བཞིན་ཉེན་ཁ་ཅན་ཞིག་དང་ནོར་འཁྲུལ་ཞིག་རེད། རྒྱ་ནག་གིས་ནུས་ཤུགས་ཅི་ཡོད་ཐོག་ནས་རྒྱ་ནག་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁྱོན་གོང་པུ་གཅིག་སྒྲིལ་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་བརྗོད་འདུག
སྤྱི་ཚེས་༡༥ཉིན། ཨ་རིའི་གྲོས་ཚོགས་མཐུས་མིའི་ཚོགས་ཆུང་གིས་ཐེ་ཝན་ནང་འཚམས་གཟིགས་བྱེད་པའི་སྐབས་སུ་གསུངས་དོན། ར་ཤེ་ཡས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་བྱས་པའི་མཇུག་འབྲས་ལ་ངེས་པར་དུ་ཉེས་འགན་ལྕི་མོ་འཁུར་དགོས་པ་རེད་ཅེས་དང་། ཨ་རིའི་ཕྱོགས་ནས་ཐེ་ཝན་གླིང་ཕྲན་ལ་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་གནང་ཡོད་པ་བརྗོད་འདུག
ར་ཤེ་ཡས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་གང་ཡང་མ་བྱས་པ་མ་ཟད། རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་བཞིན་ཡོད་སྟབས། ནམ་ཞིག་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་འདུན་པ་ཡོད་པའི་དོགས་ཟོན་བྱེད་ཀྱིན་ཡོད་འདུག
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ད་རེས་ཐེ་ཝན་དུ་འཚམས་འདྲིར་ཕེབས་པའི་དུས་སྐབས་འདི་ནི། ཪ་ཤེ་ཡས་ཡུཀ་རེན་(Ukraine)་ནང་དམག་འཐབ་ཀྱི་དཀའ་ངལ་འཕྲད་བཞིན་པའི་རྐྱེན་གྱིས་ཨ་མི་རི་ཀས་ཐེ་ཝན་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་དང་རྒྱབ་སྐྱོར་ཁས་ལེན་གནང་བ་ཞིག་རེད་ཅེས་གསུངས་ཡོད་པ་རེད།
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྐུ་ཚབ་ཐེ་ཝན་ནང་ཕེབས་འབྱོར་མ་བྱུང་གོང་ཙམ་སྟེ། རེས་གཟའ་ཕུར་བུའི་སྔ་དྲོ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Zhao Lijian)་གྱིས། པེ་ཅིང་དུ་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག རྒྱ་ནག་གཞུང་གི་ཕྱོགས་ནས་ཨ་མི་རི་ཀའི་དཔོན་རིགས་གནས་བབ་ཇི་འདྲ་ཞིག་ཡིན་རུང་། ཐེ་ཝན་གྱི་འགོ་ཁྲིད་དང་ཕན་ཚུན་མཇལ་འཕྲད་བྱ་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་པ་བཤད་ཡོད་པ་མ་ཟད། ད་དུང་ཨ་མི་རི་ཀས་རྒྱ་ནག་གཅིག་གི་སྲིད་ཇུས་ཁས་ལེན་བྱ་དགོས་པའི་སྐོར་བཤད་ཡོད་པ་རེད།
ཐེ་ཝན་ནང་དུ་ཡོད་པའི་ཨ་མི་རི་ཀའི་སློབ་གཉེར་ཁང་ཞེས་འབོད་པའི་དོན་དུ་ཨ་མི་རི་ཀའི་གཞུང་ཚབ་ཁང་གིས། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པས། དམངས་གཙོའི་ཐོག་ནས་རང་སྲིད་རང་སྐྱོང་གནང་བཞིན་པའི་ཐེ་ཝན་གྱི་དཔོན་རིགས་དང་ཕན་ཚུན་ཨ་མི་རི་ཀ་དང་ཐེ་ཝན་བར་གྱི་འབྲེལ་ལམ་དང་། མངའ་ཁུལ་གྱི་བདེ་འཇགས་གཙོས་པའི་གནད་དོན་ཁག་གི་ཐོག་ལ་རེས་གཟའ་པ་སངས་ནས་འཚམས་འདྲི་འགོ་བཙུགས་གནང་བའི་རིང་བཀའ་བསྡུར་གནང་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད།
དེང་སྐབས་ཡུཀ་རེན་(Ukraine)་ནང་གི་ཛ་དྲག་གི་གནས་སྟངས་ཐོག་བློ་ཚབས་ཇེ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དེ་མཚུངས་རྒྱ་ནག་གཞུང་གིས་ཐེ་ཝན་ཐོག་ལ་གནས་སྟངས་དེ་ལྟ་བུ་ལག་བསྟར་བྱ་རྒྱུའི་སེམས་ཤུགས་འཕེལ་བཞིན་ཡོད་སྲིད་པའི་དུས་སྐབས་འདིར། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཐེ་ཝན་དུ་འཚམས་འདྲིར་ཕེབས་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་(Joe Biden)་གྱི་གཞུང་གིས་ཀྱང་དམངས་གཙོ་ཅན་གྱི་ཐེ་ཝན་ཐོག་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་ཇེ་ཆེར་གཏོང་བཞིན་པར་བརྟེན་ནས་ཨ་མི་རི་ཀ་དང་ཐེ་ཝན་གྱི་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་གཏོང་བཞིན་ཡོད་པ་རེད།

གསར་འགོད་པ། གཡུ་སྒྲོན། ཀེ་ཐོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།