བོད་ནང་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་བའི་རྒྱ་ནག་གི་བྱ་སྤྱོད་ཨ་རིས་སྙན་ཐོའི་ནང་བཏོན་འདུག

2022.07.20
བོད་ནང་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་བའི་རྒྱ་ནག་གི་བྱ་སྤྱོད་ཨ་རིས་སྙན་ཐོའི་ནང་བཏོན་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་འདོན་སྤེལ་སྐབས། ༠༧།༡༩།༢༠༢༢
AFP

འདི་ཚེས་༡༩ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ལོ་༢༠༢༢ལོའི་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནང་མི་ཁྲིམས་འགལ་ནག་ཚོང་དང་འབྲེལ་བའི་སྙན་ཐོ་(2022 Trafficking in Persons Report)་བཏོན་ཡོད་པའི་ནང་། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་། བོད་ཀྱི་ས་ཁུལ་གཞན་ནང་བོད་མི་ཚོའི་ཐོག་ཁྲིམས་འགལ་གྱི་བྱ་སྤྱོད་འདྲ་མིན་སྤེལ་བཞིན་ཡོད་པའི་གནས་སྟངས་ཐེར་འདོན་གནང་ནས། རྒྱ་ནག་གཞུང་གིས་བོད་ནང་དབུལ་གྲོལ་འགག་སྒྲོལ་དང་ལས་རིགས་སྦྱོང་བརྡར་སོགས་ཀྱི་མིང་ཐོག་ནས། བོད་ཀྱི་ཞིང་འབྲོག་ས་ཁུལ་གྱི་བོད་མི་སྟོང་ཕྲག་མང་པོ་བཙན་ཤེད་ཀྱིས་གནས་སྤོར་དང་། ས་ཁུལ་གང་སར་མཉམ་ལས་དང་བཟོ་གྲྭ་འདྲ་མིན་བཙུགས་ནས་དེ་དག་ནང་བོད་མི་ཚོ་བཙན་གྱིས་ངལ་རྩོལ་བཀོལ་བཞིན་ཡོད་པ་དང་། སྲིད་ཇུས་དེ་དག་གི་འོག་བོད་མི་འཇུ་བཟུང་བྱས་པ་དང་། ཡང་ན་གར་སོང་ཆ་མེད་དུ་སོང་བའི་གནས་ཚུལ་ཁ་གསལ་མེད་རུང་ བོད་མི་ཚོར་དེ་འདྲའི་ངལ་རྩོལ་ནང་མཉམ་ཞུགས་བྱེད་དང་མི་བྱེད་ཀྱི་གདམ་ཀ་མེད་པར་བརྟེན་དེ་ནི་བཙན་ཤེད་ཀྱི་རྣམ་པ་མཚོན་གྱི་ཡོད་པ་གསལ་བོ་ཡིན་པ་བྲིས་འདུག
ད་དུང་སྙན་ཐོའི་ནང་། རྒྱ་ནག་གི་བཟོ་ཚོང་ཁེ་ལས་ཁང་ཚོས་བོད་མི་ཚོ་བཙན་ཤེད་ཀྱི་ངལ་རྩོལ་བཀོལ་བཞིན་པ་མ་ཟད། ས་གནས་རྒྱ་ནག་གཞུང་གིས་གྲ་བཙུན་རྣམས་ལ་བཙན་ཤེད་ཀྱིས་ཆབ་སྲིད་སློབ་གསོ་སྤྲོད་པ་དང་། དེ་བཞིན་དགོན་སྡེ་ཁག་འགའ་ཤས་བཟོ་གྲྭའི་ངོ་བོ་ལྟ་བུར་གྲ་བཙུན་རྣམས་བཙན་ཤེད་ཀྱིས་ངལ་རྩོལ་བཀོལ་བཞིན་ཡོད་པ་བཀོད་འདུག
ད་དུང་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱི་ཐོག་ནས་བོད་ཀྱི་ཞིང་འབྲོག་མི་མང་ཚོ་གྲོང་བརྡལ་དུ་གནས་སྤོ་བྱེད་པའི་ལས་གཞི་ལག་བསྟར་བྱ་སྐབས། གྲོང་བརྡལ་དུ་གནས་སྤོ་དང་འབྲེལ་བའི་འགྲོ་སོང་མང་ཆེ་བ་བོད་མི་རང་ངོས་ནས་སྤྲོད་དགོས་བྱུང་ནས་བོད་མི་མང་པོ་ཞིག་བུ་ལོན་དུ་ཐིམས་བཞིན་ཡོད་པ་དང་། གཞན་ཡང་ཆོས་དད་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་རྩོད་ལེན་བྱས་པའི་ཉེས་མིང་འོག་བོད་མི་མང་པོ་འཛིན་བཟུང་དང་། དེ་དག་སློབ་གསོ་ལྟེ་གནས་ཟེར་བའི་བཀག་སྐྱིལ་ཁང་དུ་བཀག་ཉར་གྱིས་ཁྲིམས་བཤེར་མ་བྱས་གོང་དང་། ཁྲིམས་ཐག་བཅད་པའི་རྗེས་བཅས་སུ་བཙན་ཤེད་ཀྱིས་ལས་རྩོལ་ལ་བཀོལ་བཞིན་ཡོད་པ། ད་དུང་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་བོད་མི་དང་ཡུ་གུར་བ་དང་། དེ་དག་གི་སྤུན་མཆེད་སོགས་ལ་ལྟ་སྲུང་སུན་གཙེར་དང་། འཇིགས་སྐུལ་བྱེད་བཞིན་པ་སོགས་རྒྱ་ནག་གཞུང་གིས་བོད་ནང་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་བའི་བྱ་སྤྱོད་རིགས་མང་དག་སྤེལ་བཞིན་པ་གསལ་འདོན་གནང་ནས་ཁྲིམས་སྒྲིག་དང་འགལ་བའི་རྒྱ་ནག་གི་བྱ་སྤྱོད་དེ་དག་མཚམས་འཇོག་དགོས་བའི་འབོད་སྐུལ་གནང་འདུག
གཞན་ཡང་སྙན་ཐོའི་ནང་། ཨེ་ཤེ་ཡའི་རྒྱལ་ཁབ་ཀམ་པོ་ཌེ་ཡ་དང་(Combodia)་དང་། ཝེ་ཏི་ནམ་(Vietnam)་མི་ནག་ཚོང་གི་གནས་སྟངས་ཇེ་སྡུག་དུ་ཕྱིན་པ་བརྗོད་འདུག་ཀྱང་བོད་ནང་མི་ནག་ཚོང་གི་གནས་སྟངས་དང་གྲངས་ཐོ་སོགས་གསལ་ཁ་བཀོད་མི་འདུག

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎