ཨ་རིའི་གྲོས་ཚོགས་གོང་མས་ཡུ་གུར་གྱི་བཙན་དབང་ངལ་རྩོལ་བཀག་འགོག་གི་ཁྲིམས་འཆར་གཏན་འབེབས།

2021-07-15
Share
ཨ་རིའི་གྲོས་ཚོགས་གོང་མས་ཡུ་གུར་གྱི་བཙན་དབང་ངལ་རྩོལ་བཀག་འགོག་གི་ཁྲིམས་འཆར་གཏན་འབེབས། ཤིན་ཅང་ནང་གི་ངལ་རྩོལ་རྭ་བ་ཞིག་གི་སྒོ་ཆེན་མདུན།
Reuters

ཨ་རིའི་གྲོས་ཚོགས་གོང་མས་ཡུ་གུར་གྱི་བཙན་དབང་ངལ་རྩོལ་བཀག་འགོག་གི་ཁྲིམས་འཆར་གཏན་འབེབས་བྱས་ནས་ཤིན་ཅང་ནས་བཟོས་བའི་ཅ་དངོས་ནང་འདྲེན་བཀག་སྡོམ་བྱེད་རྒྱུའི་ཐག་གཅོད་གནང་འདུག
དེ་ཡང་འདི་ཚེས་༡༤་རེས་གཟའ་ལྷག་པའི་ཉིན། ཨ་རིའི་གྲོས་ཚོགས་གོང་མའི་ནང་ཡུ་གུར་གྱི་བཙན་དབང་ངལ་རྩོལ་བཀག་འགོག་གི་ཁྲིམས་འཆར་(The Uyghur Forced Labor Prevention Act)་ཞེས་པ་གཏན་འབེབས་བྱས་ནས། རྒྱ་ནག་གིས་འབོད་བཞིན་པའི་ཤིན་ཅང་ནང་བཟོ་བསྐྲུན་བྱེད་བཞིན་པའི་དངོས་ཟོག་རྣམས་ཨ་རིའི་ནང་ནང་འདྲེན་བྱ་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་པ་དང་། དེ་ནི་ཨ་མི་རི་ཀའི་དཔོན་རིགས་ནས། རྒྱ་ནག་གཞུང་གིས་ཤིན་ཅང་ནང་དུ་ཡུ་གུར་མི་རིགས་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་རྩ་མེད་བཟོ་ཐབས་ཀྱི་བྱ་སྤྱོད་ལག་བསྟར་བྱེད་ཀྱི་ཡོད་པ་ངོས་འཛིན་བྱེད་བཞིན་པ་ལྟར། ཨ་མི་རི་ཀའི་ཕྱོགས་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དག་གི་ཐོག་ལ་ཉེས་ཆད་གཅོད་ཐབས་གནང་བ་ཞིག་ཡིན་པ་མ་ཟད། ཤིན་ཅང་ནང་གི་ཡུ་གུར་སོགས་ཁ་ཆེ་གྲངས་ཉུང་མི་རིགས་ཐོག་རྒྱ་ནག་གཞུང་གིས་ངལ་རྩོལ་བཙན་སྐུལ་བྱས་ནས་དངོས་ཟོག་རིགས་འདྲ་མིན་བཟོ་བཞིན་ཡོད་པ་དེ་འགོག་ཐབས་སུ། ཨ་མི་རི་ཀས་༡༩༣༠་ལོའི་ཚོང་འབྲེལ་སྲིད་ཇུས་ཞེས་པའི་ཁྲིམས་འཆར་དེའི་ཐོག་ནས་ཤིང་ཅང་གི་དངོས་ཟོག་ཨ་རིའི་ནང་ནང་འདྲེན་བྱ་རྒྱུ་མིན་པའི་བཀག་འགོག་བྱས་པ་ཞིག་ཡིན་པ་རེད།
འོན་ཀྱང་ཁྲིམས་འཆར་དེ་ད་དུང་ཨ་རིའི་གྲོས་ཚོགས་འོག་མའི་ཐོག་ནས་རྒྱབ་སྐྱོར་མོས་མཐུན་གནང་དགོས་ཀྱི་ཡོད་པ་དང་། དེའི་རྗེས་ཁྲིམས་འཆར་དེ་དངོས་སུ་ཁྲིམས་སུ་འགྱུར་བར་ཨ་རིའི་སྲིད་འཛིན་སྐུ་ཞབས་(Joe Biden)་མཆོག་གི་མཚན་རྟགས་སྐྱོན་དགོས་ཀྱི་ཡོད་པ་རེད།
ཁྲིམས་འཆར་དེ་གྲོས་འགོ་འདོན་མཁན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Marco Rubio)་དང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Jeff Merkley)་གཉིས་ཡིན་པ་དང་། ཁོང་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་ལ་ཁྲིམས་འཆར་དེ་གང་མགྱོགས་གཏན་འབེབས་མོས་མཐུན་གྱི་ཕྱག་ལས་འགོ་བཙུགས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་།
སྐུ་ཞབས་(Marco Rubio)་ལགས་ཀྱིས། ང་ཚོ་ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གཞུང་གིས་མི་ཆོས་ལས་འདས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པ་དེ་དག་མིག་ལོང་བ་ལྟར་མ་མཐོང་ཁུལ་བྱས་ནས་བསྡོད་ཐབས་མེད། ང་ཚོས་འཇིགས་སྣང་ཆེ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་རྒྱ་ཡན་གཏོང་རྒྱུ་མིན། ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་ལ་ཨ་མི་རི་ཀས་མཉམ་ལས་བྱ་རྒྱུ་མིན་ལ། ཨ་མི་རི་ཀའི་འཛད་སྤྱོད་པ་ཚོས་བཙན་སྐུལ་བྱས་ནས་བཟོས་བའི་དངོས་ཟོག་ཉོ་བསྒྲུབ་བྱ་རྒྱུ་མིན། ཞེས་གསུངས་ཡོད་པ་རེད།

གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།