རྒྱ་ནག་གི་བྱ་སྤྱོད་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་པ་རྒྱལ་ཚོགས་ཀྱིས་སྙན་ཐོར་བཏོན་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ལྕམ་(Michelle Bachelet)་མཆོག་གིས། ཁོང་ཉིད་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ཀྱི་ལས་གནས་མཇུག་སྒྲིལ་གྱི་ཡོད་པ་དང་དུས་མཚུངས། དེ་ཉིན་ཕྱི་ཟླ་བརྒྱད་པའི་ཚེས་༣༡ཉིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གཙོས་མི་རྣམས་ཀྱིས་དོ་སྣང་དང་ངང་སྒུག་བྱེད་བཞིན་པའི་ཤིན་ཅང་དང་འབྲེལ་བའི་སྙན་ཐོ། རྒྱ་ནག་གཞུང་གིས་འབོད་པའི་ཤིན་ཅང་ཟེར་བའི་ནང་གཞུང་ཕྱོགས་ནས་ཡུ་གུར་མི་རིགས་སོགས་ཁུལ་དེའི་ནང་གི་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་ནས། ཡུ་གུར་ཁ་ཆེ་མི་རིགས་མང་པོ་གང་བྱུང་གིས་བཀག་ཉར་དང་བཙན་གནོན་སོགས་གཏོང་བཞིན་པའི་གནས་སྟངས་སྐོར་གྱི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་རེད། སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་ལ་འགོག་རྒོལ་དང་། ཐལ་བསྐྱོད་རིང་ལུགས་ལ་རྡུང་རྡེག་ཟེར་བའི་རྒྱབ་ལྗོངས་འོག་ཤིན་ཅང་ས་གནས་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ཚབས་ཆེའི་བྱ་སྤྱོད་སྤེལ་གྱི་ཡོད་པ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཡོད་པ་དང་། ལྷག་པར་དུ་བྱ་སྤྱོད་དེ་རིགས་ནི་འགྲོ་བ་མིའི་རིགས་ལ་ནག་ཉེས་བསག་ཡོད་སྲིད་པ་གསལ་སྟོན་གནང་ཡོད་པ་རེད།
ཤིན་ཅང་ས་གནས་ནང་སློབ་གསོ་བསྐྱར་མ་ཟེར་བའི་མིང་ཐོག་ནས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཚོར་བཙན་གནོན་དང་དམ་དྲག་བཀག་སྐྱིལ་བྱེད་བཞིན་པ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་སྐྱོན་བརྗོད་བྱེད་བཞིན་པའི་གནད་དོན་ཐད། སྙན་ཐོ་དེའི་ནང་བཙན་དབང་གིས་སྨན་བཅོས་དང་ཆ་རྐྱེན་ཧ་ཅང་ཞན་པའི་ཁོར་ཡུག་ནང་དམ་དྲག་བཀག་སྐྱིལ་སོགས་ཀྱི་གནས་ཚུལ་ཡང་ཡོད་པར་ཡིད་ཆེས་གནང་ཡོད་པ་དང་། ད་དུང་ཡིད་ཆེས་རུང་བའི་གནས་ཚུལ་ཁག་ནང་གསལ་བར། ཕྱི་ལོ་༢༠༡༧ལོ་ནས་བཟུང་ཤིན་ཅང་ས་གནས་ནང་ཡུ་གུར་མི་རིགས་ཚོའི་ཐོག་བཙན་དབང་གིས་འཆར་ལྡན་བུ་བཙའི་སྲིད་བྱུས་འོག་སྐྱེ་སྒོ་བཀག་བཅུག་པའི་གནས་ཚུལ་ཡོད་པ་དང་། རྒྱ་ནག་གཞུང་གིས་གནས་ཚུལ་དེ་ཚོའི་རིགས་ཕྱིར་གྱར་རྒྱུར་དམ་དྲག་བྱེད་ཀྱི་ཡོད་པའི་འོག་ད་ལྟའི་ཆར་སྲིད་བྱུས་དེ་དང་འབྲེལ་བའི་སྐྱེ་སྒོ་འགོག་བྱེད་ཀྱི་ཁྱོན་ཡོངས་ཀྱི་གནས་སྟངས་ཚབས་ཆེ་ཆུང་གང་འདྲ་ཡོད་མེད་ཁ་གསལ་ཤེས་རྟོགས་མེད་པའི་སྐོར་བཀོད་ཡོད་པ་དང་། འཛམ་གླིང་ཡུལ་གྲུ་ཁག་གི་སྲིད་གཞུང་དང་རྒྱལ་ཚོགས་ཀྱི་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག་གིས་མུ་མཐུད་དུ་ཁྱོན་ཡོངས་ནས་ཤིན་ཅང་ས་གནས་ནང་གི་གནས་སྟངས་ཐད་དོ་སྣང་གནང་དགོས་བའི་འབོད་སྐུལ་གནང་ཡོད་འདུག
གནད་དོན་དེའི་ཐད་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་མགྲིན་ཚབ་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ང་ཚོས་ཡུན་རིང་ངང་སྒུག་བྱས་བའི་སྙན་ཐོ་དེ་འདོན་སྤེལ་གནང་བས། སྙན་ཐོ་དེས་ཡུ་གུར་མི་རིགས་གཙོས་གྲངས་ཉུང་མི་རིགས་ཚོའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མཚོན་པ་དང་། ལྷག་པར་རྒྱ་ནག་གི་བྱ་སྤྱོད་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་པ་ངོས་འཛིན་གནང་ཡོད་པ་མ་ཟད། འགྲོ་བ་མིའི་རིགས་ལ་ཉེན་ཚབས་བཟོས་པའི་བྱ་སྤྱོད་ལ་ངོས་འཛིན་བྱས་འདུག ཡིན་ན་ཡང་སྙན་ཐོའི་ནང་རྒྱ་ནག་གི་བྱ་སྤྱོད་དེས་མི་རིགས་རྩ་མེད་བཟོ་བའི་ནག་ཉེས་བསགས་ཡོད་པ་གསལ་སྟོན་གནང་མི་འདུག་པས་ཅུང་བློ་ཕམ་བྱུང་། ང་ཚོས་རྒྱལ་ཚོགས་ཀྱིས་རང་ཉིད་ཀྱི་འགན་ཁུར་ལ་གཡོལ་ཐབས་མི་གནང་བར་རྒྱ་ནག་གི་བྱ་སྤྱོད་དེའི་རིགས་ལ་མངོན་གསལ་ཐོག་ནས་སྐྱོན་བརྗོད་གནང་རྒྱུའི་རེ་བ་བྱེད་བཞིན་པ་གསུངས་འདུག
གཞན་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཚན་པའི་འགན་འཛིན་ལྕམ་(Sophie Richardson)་ལགས་ཀྱིས་སྙན་ཐོ་དེའི་ཐད། སྙན་ཐོ་དེ་ནི་རྒྱ་ནག་གི་དབང་བསྒྱུར་འོག་ལ་ཡོད་པའི་ཡུ་གུར་ཁ་ཆེ་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྒྱ་ནག་གཞུང་གིས་སྦས་ཐབས་བྱེད་ཀྱི་ཡོད་པའི་ཐད་སྔར་བྱུང་མྱོང་མེད་པའི་ཁ་གཏད་ཞིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་ཚོགས་མི་རྒྱལ་ཁབ་ཁག་གིས་སྙན་ཐོ་དེའི་ནང་འཁོད་པའི་ནང་དོན་ཁག་ལ་གཟིགས་ཞིབ་དང་མཉམ། རྒྱ་ནག་གཞུང་དང་འབྲེལ་ཡོད་ཚོར་དགོས་ངེས་ཀྱི་ཁྲིམས་ལྟར་ཐག་གཅོད་ལག་ལེན་བསྟར་དགོས་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ཡོད་པ་རེད།
ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་མཆོག་གིས། ཨ་རིས་ངོས་ནས་སྙན་ཐོ་དེར་དགའ་བསུ་དང་མཉམ། རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་། ཨ་རིས་ངོས་ནས་མུ་མཐུད་དུ་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་ལས་ཀྱིས་དེ་འབྲེལ་གྱི་གནས་སྟངས་ཡར་རྒྱས་འགྲོ་ཐབས་དང་། རྒྱ་ནག་ལ་ནག་ཉེས་དེ་རིགས་འགན་འཁྲི་ཡོད་པ་བཟོ་རྒྱུ་ཡིན་པ་བསྒྲགས་འདུག
རྒྱལ་ཚོགས་ཀྱི་སྙན་ཐོ་དེའི་ནང་ད་དུང་། རྒྱ་ནག་གཞུང་གིས་སློབ་གསོ་བསྐྱར་མ་ཟེར་བའི་མིང་ཐོག་ནས་ཤིན་ཅང་ས་གནས་ནང་ཡུ་གུར་མི་རིགས་ཚོ་དམ་དྲག་བཀག་སྐྱིལ་བྱེད་བཞིན་པ་རྣམས་དང་། དེ་བཞིན་བཙོན་ཁང་དང་བཀག་ཉར་ཁང་ཁག་ནང་བཙོན་འཇུག་བྱེད་བཞིན་པའི་ཡུ་གུར་མི་རིགས་སོགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་སོགས་དོན་ཚན་བཅུ་གསུམ་ཅན་གྱི་བསམ་འཆར་ཞིག་ཡང་བཏོན་གནང་འདུག
རྒྱ་ནག་གཞུང་གིས་ཐོག་མར་ཤིན་ཅང་ས་གནས་ནང་སློབ་གསོ་བསྐྱར་མ་ཟེར་བའི་མིང་ཐོག་ནས་དམ་དྲག་བཀག་སྐྱིལ་ཁང་ནང་ཡུ་གུར་མི་རིགས་ཚོ་བཀག་ཉར་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་ལ་ཁས་ལེན་བྱས་མེད་པ་དང་། རྗེས་སུ་དེ་ནི་ལས་རིགས་སློབ་གསོ་སྦྱོང་བརྡར་སྤྲོད་ས་ཡིན་ལུགས་བཤད་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།