ཐེ་ཝེན་གྱི་སྲིད་འཛིན་གཞོན་པ་མཆོག་གིས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།
2019.07.06

༄༅༎ཐེ་ཝེན་དང་། སིང་གྷ་པུར། མ་ལེ་ཡེ་ཤི་ཡ་བཅས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བའི་ཆ་ཤས་སུ་བརྙན་འཕྲིན་བརྒྱུད་ཐེ་ཝེན་གྱི་སྲིད་འཛིན་གཞོན་པ་Chen Chien-jen མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་མཚམས་འདྲི་ཞུས་གནང་བཞག ཐེ་ཝེན་གྱི་རྒྱལ་ས་ཐེ་པེ་རུ་དགའ་ལྡན་ཤར་རྩེ་གྲ་ཚང་གི་ཆོས་ཚོགས་ནས་གོ་སྒྲིག་ཞུས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་ཉིན་རོལ་དབྱངས་འདུ་འཛོམས་ཤིག་བསྐོང་ཚོགས་གནང་ཡོད་པ་དང་། མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་ཐོག་ཐད་ཀར་ལྷན་བཞུགས་གནང་ཡོད་ལུགས་དགའ་ལྡན་ཤར་རྩེ་གྲ་ཚང་གི་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་གནང་འདུག
དེ་ཡང་བརྙན་འཕྲིན་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་བའི་ནང་གལ་སྲིད་མགོན་པོ་ཉིད་ལ་སྙིང་ཐག་པ་ནས་བརྩེ་དུངས་ཡོད་ན། ཁོང་གིས་འདོན་གནང་མཛད་པའི་ཐུགས་ཀྱི་དམ་བཅའ་གསུམ་པོ་དེ་སེམས་ལ་བཞག་ནས་ས་ཕྱོགས་གང་དུ་གནས་ཀྱང་དེར་བྱམས་སྙིང་རྗེའི་ཁོར་ཡུག་བཟང་པོ་ཞིག་དང་། སྤྱི་ཚོགས་བཟང་པོ་ཞིག་བསྐྲུན་ཐབས་བྱ་དགོས་པ་དང་། དེ་བཞིན་ཆོས་ལུགས་མཐུན་འབྲེལ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་བོད་མིར་དཔལ་ཎ་ལེན་ཌ་ནས་ཐོབ་པའི་ཤེས་བྱ་བཟང་པོ་རྣམས་མི་གང་མང་མང་ལ་གོ་རྟོགས་སྤེལ་ཐུབ་ན་ཧ་ཅང་ཕན་ཐོག་ཆེན་པོ་ཡོད་པའི་བཀའ་གནང་བཞག
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་ཐུང་ཐོག་མུ་མཐུད་བཀའ་གནང་ཡག་ལ། ཆོས་ལ་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར་བོད་མིའི་ཤེས་བྱ་བཟང་པོ་དེ་ཚོ་སློབ་ཚན་ཀྱི་ཆ་ཤས་ཁོངས་སུ་བཞག་ཐུབ་པ་ཡིན་ན་ཧ་ཅང་དགེ་མཚན་ཆེན་པོ་ཡོད་པ་དང་ གལ་སྲིད་༧གོང་ས་མཆོག་གི་ཐུགས་ཀྱི་བཞེས་དགོངས་གསུམ་དེའི་ཐོག་དོ་སྣང་ཆེ་ཙམ་དང་ དངོས་སུ་ལག་ལེན་བྱ་ཐབས་བྱས་པ་ཡིན་ན། དེ་ནི་མགོན་པོ་ཉིད་ཀྱི་སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་ལེགས་ཤོས་དེ་རེད་ཅེས་བཀའ་གནང་བཞག
ཡང་ཐེ་ཝེན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཞལ་པར་ཐོག་གསུངས་པར་གཞིགས་ན།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ཉན་ཆེད་རོལ་དབྱངས་འདུ་འཛོམས་དེ་ཐོག་མི་མང་ཧ་ཅང་མང་པོ་སླེབས་ཡོད་འདུག།