ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མིར་བདམས་འདུག
ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མྱོང་མཁན་ཨ་མི་རི་ཀའི་མི་ནི་སོ་ཊ་(Minnesota) མངའ་སྡེའི་སྲིད་སྐྱོང་ཊིམ་ཝལཛི་ (Tim Walz) མཆོག་ཨ་མི་རི་ཀའི་མང་གཙོ་ཚོགས་པའི་ཨ་རིའི་སྲིད་འཛིན་འོས་མི་ད་ལྟའི་སྲིད་འཛིན་གཞོན་པ་ལས་ཐོག་ལྕམ་ཀམ་ལ་ཧེ་རིསི་(Kamala Harris) མཆོག་གིས་ཕྱི་ཟླ་ ༨ ཚེས་ ༦ ཉིན་ཁོང་གི་ཕྱག་རོགས་སམ་སྲིད་འཛིན་གཞོན་པའི་འོས་མིར་བདམས་གནང་པའི་སྐོར་གསལ་བསྒྲགས་གནང་འདུག
ཨ་མི་རི་ཀའི་མི་ནི་སོ་ཊ་(Minnesota)་མངའ་སྡེའི་སྲིད་སྐྱོང་ཊིམ་ཝལཛི་(Tim Walz) མཆོག་ནི། ཨ་རིའི་དམག་མི་ཟུར་པ་ཞིག་དང་ངལ་རྩོལ་ཚོགས་པར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། དེ་བཞིན་མི་ནི་སོ་ཊ་མངའ་སྡེའི་ནང་སྙིང་སྟོབས་ཆེ་བའི་མང་གཙོ་ཚོགས་པའི་གྲོས་གཞི་ལག་ལེན་བསྟར་རྒྱུར་ཕྱག་རོགས་གནང་མཁན་ཞིག་དང་། ཁོང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཡིན་སྐབས་ཕྱི་ལོ་ ༢༠༡༡ ལོར་(CECC)ཞེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་སྐབས། ཊིམ་ཝལཛི་མཆོག་ནི་མཐོ་རིམ་རྒྱུན་ལས་ཚོགས་མི་ཡིན་ཞིང་། ཁོང་གིས་སྐབས་དེར། “རྒྱ་གཞུང་གི་གནོན་ཤུགས་དོ་ནན་འོག་ནས་བོད་མི་དང་། ཡུ་གུར། གྲངས་ཉུང་མི་རིགས་གཞན་ཚོས་སོ་སོའི་ཆོས་དང་རིག་གཞུང་། འཚོ་བའི་མདུན་ལམ་སྲུང་སྐྱོབ་ཐད་འཐབ་རྩོད་མུ་མཐུད་དུ་བྱེད་བཞིན་ཡོད། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་༧གོང་ས་ཏཱ་ལའི་བླ་མར་ཆོས་ཕྱོགས་ཀྱི་དབུ་ཁྲིད་དུ་བརྩི་མཐོང་བཞག་གི་མེད་” ཅེས་བརྗོད་ཡོད།
དེ་སྔ་ཁོང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཕྲད་ཞུས་སྐབས་ལྷན་རྒྱས་སུ་སྒྲོན་པའི་སྐུ་པར་ཞིག་(X) དྲྭ་བར་སྤེལ་བ་དང་མཉམ། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཉམ་འགྲོ་བ་མིའི་བཟང་སྤྱོད་དང་བྱམས་སྙིང་རྗེའི་སྐོར་གླེང་རྒྱུ་བྱུང་ལ། ངས་ཉིན་རེའི་འཚོ་བའི་ཁྲོད་དུ་རིན་ཐང་ཆེ་བའི་ལམ་སྟོན་དེ་དག་ལག་བསྟར་ཡོང་ཐབས་བྱེད་བཞིན་ཡོད་ཅེས་བཀོད་འདུག
ཡང་ཨ་མི་རི་ཀའི་མི་ནི་སོ་ཊར་བཞུགས་མཁན་བོད་དོན་ལས་འགུལ་བ་འཇིགས་མེད་ཨྱོན་ལགས་ཀྱིས། སྐུ་ཞབས་ཊིམ་ཝལཛི་ (Tim Walz) ལགས་ནི་ང་ཚོའི་མངའ་སྡེ་འདིའི་སྲིད་སྐྱོང་རེད། ཁོང་ནི་རྣམ་རྒྱུན་དུ་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། ས་གནས་ཀྱི་བོད་མི་ཚོ་ལ་འབྲེལ་བ་ཡག་པོ་ཡོད་པའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དང་གུས་ཞབས་ཤུགས་ཆེན་གནང་མཁན་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས། མ་འོངས་པའི་ཨ་རིའི་སྲིད་འཛིན་གྱིས་འོས་བསྡུ་དེ་ཆབ་སྲིད་ཚོགས་པ་སུ་ལ་རྒྱལ་ཁ་ཐོབ་མིན་ལ་མ་བལྟོས་པར་བོད་དོན་ཐད་ཆབ་སྲིད་ཚོགས་པ་གཉིས་ཀས་རྒྱབ་སྐྱོར་ཆད་མེད་བྱུང་ཡོད་པས། ང་ཚོས་ཨ་རིའི་གཞུང་མང་གི་རྒྱབ་སྐྱོར་དེ་མུ་མཐུད་དུ་གནས་རྒྱུ་མ་ཟད། མ་འོངས་པའི་འཛིན་སྐྱོང་གསར་བའི་དབུ་ཁྲིད་འོག་རྒྱབ་སྐྱོར་སྲ་བརྟན་ཡོང་བའི་རེ་བ་བྱེད་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། གཡུ་སྒྲོན། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།