དོན་གྲུབ་དབང་ཆེན་དང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་བར་མཇལ་འཕྲད།

2018-02-13
གློག་འཕྲིན།
མཆན།
Share
པར་བཀོད།
དོན་གྲུབ་དབང་ཆེན་དང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་བར་མཇལ་འཕྲད་སྐབས། ༢༠༡༨།༢།༡༢
དོན་གྲུབ་དབང་ཆེན་དང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་བར་མཇལ་འཕྲད་སྐབས། ༢༠༡༨།༢།༡༢
ICT

ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ནས་བོད་མི་ཚོས་རང་དབང་གི་འཐབ་རྩོད་ནང་ཡང་འདོར་མེད་ལུགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཞུས་འདུག
དེ་སྔ་༢༠༠༨་ལོར་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་རྒྱ་ནག་ནང་མ་ཚུགས་པའི་གོང་། བོད་ནང་གི་བོད་མི་ཚོའི་བསམ་ཚུལ་འདུ་ལེན་གྱིས་དངོས་བྱུང་གློག་བརྙན་འཇིགས་བྲལ་ཞེས་པ་ཞིག་བཟོ་བསྐྲུན་གནང་མཁན་དོན་གྲུབ་དབང་ཆེན་ལགས་ཉིན་ཤས་གོང་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕེབས་འབྱོར་བྱུང་ནས། འདི་ཚེས་བཅུ་གཉིས་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་ཤར་ཨེ་ཤ་ཡའི་ལས་དོན་ཚན་པའི་དྲུང་ཆེ་ཕྱག་རོགས་གཞོན་པ་མཆོག་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཚན་པའི་འབྲེལ་ཡོད་སོགས་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་གནང་ཡོད་པ་རེད། མཇལ་འཕྲད་སྐབས་ཁོང་རྣམས་ནས་ཁོང་གི་ལོ་རྒྱུས་སོགས་ལ་ཐུགས་སྣང་ཆེན་པོ་གནང་གི་ཡོད་ལུགས་གསུངས་པ་དང་། དོན་གྲུབ་དབང་ཆེན་ལགས་ནས་ཀྱང་དཔོན་རིགས་ཚོར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་བོད་ནང་གི་བོད་མི་ཚོས་རང་དབང་འཐབ་རྩོད་བྱེད་རྒྱུར་ནམ་ཡང་བློས་གཏོང་བྱེད་ཀྱི་ཡོད་མ་རེད་ཅེས་བོད་ནང་གི་དངོས་ཡོད་གནས་སྟངས་སོགས་སྙན་སེང་ཞུས་གནང་ཡོད་པ་རེད། ད་རེས་ཁོང་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་དཔོན་རིགས་རྣམས་མཇལ་འཕྲད་ཞུས་པའི་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཁྱབ་སྐུ་ཞབས་མེ་ཀྲི་ཡོ་མ་ཀ་ཆི་མཆོག་དང་། ཁོང་གི་གློག་བརྙན་བཟོ་སྐྲུན་དང་འགྲེམས་སྤེལ་སོགས་ཀྱི་ལས་དོན་ཐོག་ཕྱག་རོགས་ཞུ་མཁན་ཁོང་གི་སྤུན་འཇམ་དབྱངས་ཚུལ་ཁྲིམས་ལགས་དང་བདེ་ཆེན་སྤེན་པ་ལགས་བཅས་ཀྱང་མཉམ་བཅར་ཞུས་འདུག
ཁོང་འདི་ཁུལ་ཉིན་ཤས་བཞུགས་རྒྱུན་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་། དེ་བཞིན་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པ་བཅས་ནས་ཐུགས་རྗེ་ཆེ་ཞུའི་ཕེབས་བསུའི་སྣེ་ལེན་ཞུས་ཡོད་རེད་ལ་འདི་ཚེས་༡༤་ཉིན་ཨ་རིའི་གྲོས་ཚོགས་ནང་བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་དུ་ཁོང་རང་ཉིད་ཀྱི་མི་ཚེའི་མྱོང་ཚོར་སོགས་ཀྱི་སྐོར་སྙན་སེང་དང་དྲི་བར་དྲིས་ལན་གྱི་ལས་རིམ་ཞིག་ཀྱང་གོ་སྒྲིག་ཞུས་ཡོད་པ་རེད།
དོན་གྲུབ་དབང་ཆེན་ལགས་ནས་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱལ་སྤྱིའི་ཨོ་མིམ་པིག་རྩེད་འགྲན་རྒྱ་ནག་ནང་མ་ཚུགས་པའི་གོང་བོད་ཀྱི་ས་ཁུལ་གང་སར་ཕེབས་ནས་བོད་མི་ཚོའི་བསམ་ཚུལ་བསྡུ་ལེན་བྱས་ནས་གོང་ཞུས་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་བཀོད་བྱས་པར་བརྟེན་མི་ལོ་དྲུག་ལ་བཙོན་འཇུག་བྱས་བ་དང་། ལོ་གསུམ་གོང་བཙོན་དུས་རྫོགས་ནས་གློད་བཀྲོལ་ཐོབ་པ་དང་སྔ་ལོའི་ལོ་མཇུག་ཏུ་ཨ་རིའི་ནང་ཁོང་གི་བཟའ་ཟླ་དང་བུ་ཕྲུག་ཚོའི་སར་གསང་ཐབས་ཀྱིས་ཕེབས་ཐུབ་པ་བྱུང་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།