བོད་ཀྱི་དངོས་ཡོད་གནས་ཚུལ་རྟོག་ཞིབ་བྱ་རྒྱུ་ཧ་ཅང་ཁག་པོ་ཡིན།


2020-05-02
Share
བོད་ཀྱི་དངོས་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱ་རྒྱུ་ཧ་ཅང་ཁག་པོ་ཡིན། བོད་ཀྱི་རྒྱལ་ས་ལྷ་སའི་ནང་རང་དབང་གི་ཐོག་ནས་པར་ལེན་བྱ་རྒྱུར་དམ་དྲག་གི་རྣམ་པ། པར་ཚགས།
ཨེ་ཨེཕ་པི།

སྤྱི་ཟླ་༥ པའི་ཚེས་༣ ཉིན་མོ་ནི་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་འཁེལ་གྱི་ཡོད་ནའང་རྒྱ་ནག་གི་བཙན་འོག་བོད་ནང་ཕྱི་ཕྱོགས་ཀྱི་གསར་འགོད་པ་རང་དབང་ཐོག་ནས་བསྐྱོད་ཆོག་གི་མེད་པས་མ་ཟད། བོད་ནང་གི་བོད་མི་ཚོས་ཕན་ཚུན་དངོས་བདེན་གསར་འགྱུར་འཚོལ་ཞིབ་དང་ལྟ་ཀློག་ཐོག་དམ་དྲག་ཡོད་བཞིན་པའི་ཁར་བོད་ཁྱོན་ཡོངས་སུ་གང་ཅིའི་གསར་འགོད་རང་དབང་ཐོག་དམ་དྲག་ཤུགས་ཆེ་ཡོད་པ་རེད། བོད་ནང་རྒྱ་ནག་གི་དཔོན་རིགས་ཚོས་སྤྱི་ཚོགས་དྲ་རྒྱའི་ནང་གསར་འགྱུར་དང་བསམ་ཚུལ་བརྗེ་ལེན་བྱས་པ་དང་། བཙན་བྱོལ་དུ་ཡོད་པའི་ཕ་མ་སྤུན་མཆེད་ལ་འབྲེལ་བ་བྱས་པ་སོགས་ལ་བརྟེན་བོད་མི་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་བོད་ནང་ཕྱིའི་གནས་ཚུལ་ཡོང་རྒྱུར་བཀག་སྡོམ་སྔར་ལས་ལྷག་པ་བྱེད་བཞིན་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ལས་ཁང་དང་མཁས་དབང་ཚོས་གསུངས་བཞིན་པའི་གནས་ཚུལ་འདུག

དེ་ཡང་རྒྱ་ནག་གི་ཉེན་རྟོག་པས་ཞིབ་བཤེར་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཁ་པར་ནང་ཕར་ཚུར་བསྐུར་བ་དང་ བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་དགོས་པའི་སྐོར་བཤད་པ་སོགས་ལ་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་འདུག རྒྱ་ནག་གིས་བོད་ཀྱི་སློབ་གྲྭ་ཁག་ནང་སློབ་གཞི་གཙོ་བོ་རྒྱ་སྐད་ཐོག་སློབ་ཁྲིད་བྱ་དགོས་པའི་བཙན་བཀའ་གཏོང་བཞིན་པ་རེད། ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་རྟེན་གཞི་བྱས་པའི་ཤར་ཨེ་ཤེ་ཡའི་རྒྱལ་མཚམས་མེད་པའི་གསར་ལས་ཁང་གི་གཙོ་འཛིན་Cedric Alvianiལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཐོག་གསང་ཞིབ་དང་གསང་བའི་དཔར་ཆས་བཙུག་ནས་དམ་དྲག་ནན་པོ་བྱེད་བཞིན་པར་སོང་སྨྲ་བརྗོད་རང་དབང་ཐད་ཡར་རྒྱས་གང་ཡང་ཕྱིན་མེད་པ་དང་། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་རང་དབང་ཐོག་བོད་ནང་གཏོང་གི་མེད་སྟབས་བོད་ཀྱི་དངོས་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱ་རྒྱུ་ཧ་ཅང་ཁག་པོ་ཡིན་པ། དེ་བཞིན་བོད་མི་ཚོས་བོད་ནང་གི་གནས་ཚུལ་འདྲི་བརྩད་བྱ་རྒྱུ་དང་། བོད་ཀྱི་ཕྱི་ལ་མཁོ་སྤྲོད་བྱ་རྒྱུ་སོགས་ནི་ཧ་ཅང་ཁག་པོ་དང་ཉེན་ཁ་ཅན་ཞིག་ཡིན་ལུགས་གསུངས་བཞག

ཟླ་བ་འདིའི་འགོ་སྟོད་དུ་རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཁང་གིས་རྒྱལ་སྤྱིའི་ནང་གསར་འགོད་རང་དབང་ཆེ་ཆུང་གི་རེའུ་མིག་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱལ་ཁབ་༡༨༠ནང་ནས་གསར་འགོད་རང་དབང་སྐྱོ་ཤོས་ཨང་བཞི་པ་དེ་རྒྱ་ནག་ཡིན་པ་བཀོད་ཡོད་འདུག

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱེད་པའི་རང་དབང་ཁང་པའི་Sarah Cook ལགས་ཀྱིས་བོད་ནང་ཕྱི་རྒྱལ་གྱི་གསར་འགོད་པའམ་ཡང་ན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལྟ་བུ་ཕྱི་རྒྱལ་དུ་ཡོད་པའི་གསར་འགྱུར་ལས་ཁང་ལ་སྐད་ཆ་བཤད་རྒྱུར་མི་རིགས་གཞན་པའི་རྩིས་ནས་བོད་མི་ཚོར་ཧ་ཅང་ཉེན་ཁ་ཆེ་བ་ཡོད་ལུགས་གསུངས་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།