པཎ་ཆེན་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་བའི་འབོད་སྐུལ།

2021.08.10
པཎ་ཆེན་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་བའི་འབོད་སྐུལ། རྡ་རམ་སཱ་ལར་རྒྱལ་སྤྱིའི་བཙོན་པ་ལ་དྲང་བདེན་སྐྱོང་དགོས་ཀྱི་ཉིན་མོ་སྲུང་བརྩི། ༨།༡༠།༢༡
TWA

བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་བ་རྒྱལ་སྤྱིའི་བཙོན་པ་ལ་དྲང་བདེན་སྐྱོང་དགོས་ཀྱི་ཉིན་མོ་དང་བསྟུན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་འབོད་སྐུལ་གནང་འདུག
ལོ་རེ་བཞིན་རྒྱལ་སྤྱིའི་ཁྱོན་དུ་སྤྱི་ཟླ་༨་པའི་ཚེས་༡༠་ཉིན་མོ་ནི། འཛམ་གླིང་གང་སར་བཙོན་པ་ལ་དྲང་བདེན་སྐྱོང་དགོས་པའི་དུས་དྲན་ཉིན་མོར་སྲུང་བརྩི་གནང་སྲོལ་ཡོད་པ་བཞིན། བཞུགས་སྒར་རྡ་རམ་སཱ་ལར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བོད་ནང་རྒྱ་ནག་གཞུང་གི་བཙན་གནོན་འོག་ཚུད་པའི་བཙོན་པའི་གནས་སྟངས་གསལ་སྟོན་གྱི་འགྲེམ་སྟོན་ཞིག་གནང་བ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་ནང་གི་བཙོན་པ་ཚོར་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་ལ་བརྟེན་ནས། བོད་མི་མང་པོ་འདས་གྲོངས་དང་ཛ་དྲག་སྨན་ཁང་དུ་བསྐྱལ་དགོས་བྱུང་བ། གར་སོང་ཆ་མེད་དུ་གྱུར་བ་སོགས་གནས་ཚུལ་སྣ་ཚོགས་ཡོང་གི་ཡོད་པས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ། བཙོན་ཁང་དུ་མནར་གཅོད་མཚམས་འཇོག་དང་བོད་མི་ཆབ་སྲིད་བཙོན་པ་ཚོ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་དང་། དམིགས་བསལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ། ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མགྱོགས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་སོང་།
ཡང་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། བོད་ནང་ཆབ་སྲིད་བཙོན་པ་དང་རྐུ་འཕྲོག་བཅོམ་གསུམ་གྱི་བཙོན་པ་གཉིས་ཀྱི་གནས་སྟངས་མི་འདྲ་བ་ཡིན་པ་དང་། ཆབ་སྲིད་བཙོན་པ་ལ་འཕྲོད་བསྟེན་ལྟ་སྐྱོང་དང་། ངལ་རྩོལ་བསྒྱུར་བཀོད་ཀྱི་གནས་སྟངས། ཉིན་རེ་ཟ་མ་དང་བཙོན་ཁང་དུ་འགྲོ་འདུག་རང་དབང་བཅས་ཚང་མ་ཡོད་དགོས་པ། རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ཏུ་འཁོད་ཡོད་ནའང་། བོད་ཀྱི་ཆབ་སྲིད་བཙོན་པ་ཚོ་ལ་རྒྱ་ནག་གཞུང་གིས་མི་གསོད་ལག་དམར་ལྟ་བུའི་ལྟ་ཚུལ་བཟུང་སྟེ། མནར་གཅོད་གཏོང་བཞིན་པ་དེང་སང་འགྲོ་བཞིན་པའི་གནས་ཚུལ་ཧ་ཅང་ཐབས་སྡུག་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ད་དུང་བོད་ཀྱི་བུད་མེད་ཚོགས་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ལ་འབོད་སྐུལ་ཁག་ཅིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་མི་བཙོན་པ་ཚོའི་ཐོ་གཞུང་ཕྱི་གསལ་ནང་བཟོ་དགོས་པ་དང་། ཁྲིམས་འགལ་གྱིས་བོད་མི་འཛིན་བཟུང་བཙོན་འཇུག་མཚམས་འཇོག་དགོས་པ། དམིགས་བསལ་བོད་རིགས་བུད་མེད་བཙོན་པའི་གནས་སྟངས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྟོག་ཞིབ་གནང་དགོས་པ་བཅས་ཀྱི་ཐད་རོགས་རམ་ཡོང་བའི་འབོད་སྐུལ་གནང་འདུག
རྒྱལ་སྤྱིའི་བཙོན་པ་ལ་དྲང་བདེན་སྐྱོང་དགོས་པའི་ཉིན་མོ་ནི། སྤྱི་ལོ་༡༩༧༤་ལོ་ནས་ཁེ་ཎ་ཌ་རྒྱལ་ཁབ་ཏུ་འགོ་བཙུགས་ཏེ། རིམ་པས་རྒྱལ་སྤྱིའི་ཁྱོན་དུ་བཙོན་པ་ལ་གདུང་སེམས་མཉམ་བསྐྱེད་དང་། དྲང་པོ་དྲང་བཞག་བྱེད་དགོས་པའི་ཉིན་མོར་སྲུང་བརྩི་གནང་སྲོལ་དུ་གྱུར་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎