ཏོག་དབྱིབས་ནད་འབུ་གསར་བ་བོད་ཀྱི་མདོ་སྟོད་སྨད་ས་ཁུལ་དུ་ཐོན་འདུག

2020-01-27
གློག་འཕྲིན།
མཆན།
Share
པར་བཀོད།
ཏོག་དབྱིབས་ནད་འབུ་སྔོན་འགོག་ཆེད་མདོ་སྨད་བླ་བྲང་བསང་ཆུའི་ཧོར་གཙང་ཤིང་སྒོ་སྒོ་རྒྱབ་པ། ༢༠༢༠།༡།༢༦
ཏོག་དབྱིབས་ནད་འབུ་སྔོན་འགོག་ཆེད་མདོ་སྨད་བླ་བྲང་བསང་ཆུའི་ཧོར་གཙང་ཤིང་སྒོ་སྒོ་རྒྱབ་པ། ༢༠༢༠།༡།༢༦
བོད་འབྱོར།

བོད་ནང་གི་མཚོ་སྔོན་ཞིང་ཆེན་དང་དཀར་མཛེས་ཁུལ་བཅས་མདོ་སྟོད་སྨད་ཀྱི་ས་གནས་ཁག་ཅིག་ཏུ་རྒྱ་ནག་ཝུའུ་ཧན་གྱི་ཏོག་དབྱིབས་ནད་འབུ་གསར་བ་འགོས་བའི་ནད་པ་ཐོན་འདུག
རྒྱ་ནག་ཝུའུ་ཧན་ནས་འགོས་ཁྱབ་ཚབས་ཆེ་རུ་འགྲོ་བཞིན་པའི་ཏོག་དབྱིབས་ནད་འབུ་གསར་བ་དེ་བཞིན། བོད་ནང་གི་མཚོ་སྔོན་ཞིང་ཆེན་དུ་མི་དྲུག་དང་། དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་དུ་མི་གཉིས་བཅས་ལ་འགོས་ཡོད་པ། རྒྱ་ནག་གཞུང་འབྲེལ་དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད་ཅིང་། མཚོ་སྔོན་ཟི་ལིང་གི་ནད་པ་དེ་ཚོ་ནི་སྐྱེས་པ་རང་ལོ་༤༢་ལོན་པ་དང་། བུད་མེད་རང་ལོ་༣༨་ཡིན་པ། ཕྲུག་གུ་བུ་རང་ལོ་༧་ཅན་ཞིག་བཅས་ཡིན་པ་མ་ཟད། མཚོ་སྔོན་ཤྭིན་ཧྭ་རྫོང་དུ་ན་ཚ་དེ་འགོས་ཁྱབ་ཀྱི་འགོ་ཁུངས། རྒྱ་ནག་ཝུའུ་ཧན་ནས་ཡོང་བའི་མི་གྲངས་༡༥༠་ལྷག་ཡོད་པས། ཧ་ཅང་ཡིད་གཟབ་གནང་དགོས་པ་ཤིན་ཧྭ་རྫོང་གི་བོད་མི་ཞིག་གིས་དྲ་ལམ་དུ་འབོད་སྐུལ་གནང་གི་འདུག
གཞན་ཡང་ཁམས་པའི་གསར་འགྱུར་དྲ་བའི་སྟེང་སྤེལ་བའི་གནས་ཚུལ་གྱི་ནང་། མདོ་སྟོད་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་གྱི་འདབ་པ་རྫོང་དུ། སྤྱི་ཟླ་༡་ཚེས་༢༣་ཉིན་རང་ལོ་༣༣་ཅན་གྱི་སྐྱེས་པ་ནད་པ་ཞིག་ངོས་འཛིན་བྱས་ཡོད་པ་དང་། གསེར་རྟ་རྫོང་དུ་རང་ལོ་༢༥་ཅན་གྱི་བུད་མེད་ནད་པ་ཞིག་ངོས་འཛིན་བཅས་བྱས་ཡོད་ཅིང་། ནད་པ་དེ་གཉིས་ཀ་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་ནས་སླེབས་པ་ཡིན་འདུག
ཏོག་དབྱིབས་ནད་འབུ་གསར་བའི་ཁྱབ་ཚད་ཛ་དྲག་ཅན་དུ་འགྱུར་བཞིན་པར་བརྟེན། བོད་ས་སྟོད་སྨད་བར་གསུམ་གང་སར་འགྲིམ་འགྲུལ་བཀག་སྡོམ་དང་ཞིབ་བཤེར་རྒྱ་ཆེར་བྱེད་ཀྱི་ཡོད་འདུག མཚོ་སྔོན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་ཁོངས་ཀྱི་བོད་རིགས་ས་ཁུལ་གཉིས་ཀྱི་ནང་རིམས་ནད་དེ་ཁྱབ་གདལ་དུ་ཕྱིན་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱིས་གསལ་བསྒྲགས་བྱས་ཤིང་། ཞིང་ཆེན་དེ་གཉིས་ཀྱི་གཞུང་འབྲེལ་དྲ་ལམ་ཁག་ནང་བཏོན་པའི་ནད་རིམ་འགོས་བའི་ནད་པའི་མིང་ལ་གཞིགས་ཚེ་རྒྱ་མིང་ལས་བོད་མིང་འདྲ་བ་མེད་པ་རེད།
ད་ཆ་རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཙམ་མ་གཏོགས་དེ་མིན་རྒྱ་ནག་གི་ཞིང་ཆེན་ཡོངས་རྫོགས་ནང་ཏོག་དབྱིབས་ནད་འབུའི་རིམས་ནད་ཁྱབ་གདལ་དུ་ཕྱིན་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱིས་བཏོན་པའི་གསལ་བསྒྲགས་ཀྱི་ནང་གསལ་ཡོད་པ་རེད། འོན་ཀྱང་རིམ་ནད་སྔོན་འགོག་དང་ཁྱབ་གདལ་མི་འགྲོ་བའི་ཆེད་བོད་ནང་གི་ས་གནས་མང་པོ་ནས་པར་དང་གསལ་བསྒྲགས་ཡིག་ཆ་མང་པོ་དྲ་ལམ་དུ་ཁྱབ་ཡོད་པ་དང་། སྤྱི་ཟླ་༡་ཚེས་༢༧་ནས་ལྷ་ལྡན་གཙུག་ལག་ཁང་དང་། ཕོ་བྲང་པོ་ཏཱ་ལ། ནོར་བུ་གླིང་ག ལྷ་ས་གྲོང་ཁྱེར་རིག་གནས་རིག་དངོས་ལས་ཁུངས་བཅས་སྒོ་རྒྱག་རྒྱུ་ཡིན་པ་གསལ་བསྒྲགས་སྤེལ་ཡོད་པ་རེད།
དེ་བཞིན་སྤྱི་ཚེས་༢༦ཉིན་ནས་མཚོ་སྔོན་གྱི་སྐུ་འབུམ་བྱམས་པ་གླིང་དགོན་པ་དང་། རེབ་གོང་རོང་པོ་དགོན་ཆེན། བླ་བྲང་བཀྲ་ཤིས་འཁྱིལ། དགེ་ལྡན་བསྟན་པའི་ཆུ་འགོ་བྱ་ཁྱུང་དགོན་པ། ཀིརྟི་དགོན་པ། བྲག་དཀར་དགོན། ཤེས་ཚང་སྒར་གསར་དགོན། བཀྲ་ཤིས་དར་ཐང་དགོན། མག་སར་དགོན་སོགས་བོད་ནང་གི་དགོན་པ་མང་པོས་དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་རིགས་ཡོངས་སུ་གནས་སྐབས་མཚམས་འཇོག་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག
རྒྱ་ནག་ཝུའུ་ཧན་གྱི་ཏོག་དབྱིབས་ནད་འབུ་གསར་བ་ད་བར་ཁྱོན་བསྡོམས་མི་གྲངས་༢༧༤༤་ཙམ་ལ་འགོས་ཟིན་པ་མ་ཟད། དེའི་ཁྲོད་ཀྱི་ནད་པ་མི་གྲངས་ ༨༡ ་འདས་གྲོངས་སུ་ཕྱིན་ཡོད། དེ་ནས་རིམ་པས་རྒྱ་ནག་ཕྱི་ལོག་གི་ཡུལ་གྲུ་ཉི་ཧོང་དང་། ཐེ་ལེན་ཊི། ཐེ་ཝན། སིངྒ་པུར། ལྷོ་ཀོ་རི་ཡ། ཝིཡེཏ་ནམ། ཨ་མི་རི་ཀ བལ་ཡུལ་བཅས་རྒྱལ་ཁབ་བཅུ་གྲངས་ནང་སླེབས་ཡོད།

*གནས་ཚུལ་གསར་ཐོན་ཁ་སྣོན
ཕྱི་ཟླ་ ༡ ་ཚེས་ ༢༧ ་ཉིན་ལྷ་ས་གྲོང་ཁྱེར་ཁྲོམ་རྭ་ལྟ་རྟོག་དོ་དམ་ཁང་གིས། གྲོང་ཁྱེར་ནང་དར་སོ་ཆེ་བའི་ཇ་མངར་མོའི་ཇ་ཁང་ཆ་ཚང་སྒོ་རྒྱག་དགོས་པའི་བཀོད་ཁྱབ་བཏང་ཡོད་པར་མ་ཟད། ལྷ་ས་གྲོང་ཁྱེར་རིག་གནས་ལྷན་ཁང་གི་དྲ་རྒྱའི་ཐོག་གྲོང་ཁྱེར་ནང་གི་ཇ་ཁང་དང་། ཞབས་གཞས་ཁང་། གློག་བརྙན་ཁང་སོགས་སྒོ་རྒྱག་དགོས་པ་བརྗོད་འདུག
ད་དུང་ལྷ་ས་གྲོང་ཁྱེར་ཡུལ་སྐོར་སྤྲོ་འཆམ་འཕེལ་རྒྱས་ལྷན་ཁང་གིས། ཕྱི་ཟླ་ ༡ ་ཚེས་ ༢༩ ་ནས་བཟུང་སྲིད་གཞུང་གི་དམིགས་བསལ་ཆོག་མཆན་ཡོད་པ་ཕུད་གཞན་གྲོང་ཁྱེར་ནང་གི་སྐར་མ་ཅན་གྱི་མགྲོན་ཁང་གཙོས་གཞན་མགྲོན་ཁང་ཆུང་བ་ཁག་ཡོངས་རྫོགས་སྒོ་རྒྱག་དགོས་པའི་བཀའ་རྒྱ་བཏང་འདུག
ཡང་གཞིས་ཀ་རྩེ་གཙང་བཀྲིས་ལྷུན་པོ་དགོན་པ་དང་། ས་སྐྱ་དགོན་པ་ཡང་གནས་སྐབས་རིང་སྒོ་རྒྱག་རྒྱུའི་བརྡ་ཐོ་བཏང་འདུག






མཆན། (0)
Share
དྲ་གནས་ཆ་ཚང༌།