ཟི་ལིང་དང་དཀར་མཛེས་ཁུལ་དུ་ཏོག་དབྱིབས་ནད་འབུ་འགོས་མཁན་ཇེ་མང་དུ་སོང་འདུག


2020.02.06
དར་མཚོ་རྫོང་དུ་ཏོག་དབྱིབས་ནད་འབུ་གསར་བ་སྔོན་འགོག ༢༠༢༠།༢།༥ དར་མཚོ་རྫོང་དུ་ཏོག་དབྱིབས་ནད་འབུ་གསར་བ་སྔོན་འགོག ༢༠༢༠།༢།༥
བོད་འབྱོར།

མཚོ་སྔོན་ཟི་ལིང་གྲོང་ཁྱེར་ནང་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་༡་དང་དཀར་མཛེས་སུ་བཞི་ཇེ་མང་དུ་སོང་འདུག
དེ་ཡང་རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཟླ་༢་བའི་ཚེས་༦་ཉིན་བར། མཚོ་སྔོན་ཞིང་ཆེན་གྱིས་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་པའི་ནད་པ་གཅིག་གསར་དུ་ཐོན་པ་གཏན་འཁེལ་བྱས་ནས། ད་ཆ་ཟི་ལིང་གྲོང་ཁྱེར་དུ་ནད་པ་༡༥་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ནད་པ་༣་བཅས་བསྡོམས་པས་ནད་པ་༡༨་བར་འཕར་ཡོད་པ་དང་། དེ་བཞིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཟེར་བས་ནད་པ་གསར་བ་བཞིའི་ནད་རྟགས་གཏན་འཁེལ་བྱས་བ་བསྒྲགས་ནས་ད་ཆ་དཀར་མཛེས་སུ་བསྡོམས་ནད་པ་༡༢་བར་འཕར་འདུག ནད་པ་གསར་བ་དེ་དག་ནི། རྟའུ་རྫོང་ནས་ཡིན་པའི་རང་ལོ་༤༩ ་སོན་པ་བློ་ག་གེ་མོ་དང་། རང་ལོ་༦༦ ་སོན་པ་པད་ག་གེ་མོ། རང་ལོ་༤༨ ་སོན་པ་སྐལ་ག་གེ་མོ་བཅས་མི་གསུམ་ནི་རྟའུ་རྫོང་ནས་ཡིན་པ་དང་། གཞན་ཞིག་ནི་རྒྱ་ནག་ཝུའུ་ཧན་ནས་ཡིན་པ་རང་ལོ་༢༨་སོན་པ་ཝེ་ག་གེ་མོ་བཅས་མི་བཞི་རེད་འདུག
དེ་བཞིན་ནད་པ་དེ་དག་དང་འབྲེལ་བ་ཉེ་བོ་བྱས་མྱོང་བ་མི་གྲངས་བརྒྱ་ཕྲག་ཁ་ཤས་བྱུང་ཟིན་པ་དང་། ཁོང་ཚོར་ཉིན་ལྟར་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད་པ་སོགས་འཁོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར། འདི་གའི་ཚེས་༦་ཉིན་བར་བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་གཅིག་དང་། མཚོ་སྔོན་ཟི་ལིང་དུ་༡༥ མཚོ་བྱང་ཁུལ་དུ་༣ སི་ཁྲོན་དཀར་མཛེས་སུ་༡༢ རྔ་བ་ཁུལ་དུ་༡ ཀན་ལྷོའམ་མདོ་ལྷོ་ཁུལ་དུ་ ༡ ་བཅས་བྱུང་ཡོད་པ་རེད།
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ ་པའི་ཚེས་ ༦ ་ཉིན་གྱི་ཞོགས་པ་བར། རྒྱ་ནག་ཏུ་མི་གྲངས་ ༢༨༣༥༣་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། དེའི་ཁྲོད་ཀྱི་ནད་པ་མི་གྲངས་ ༥༦༥ ་གྲོངས་ཡོད་འདུག དེ་མིན་ད་དུང་མི་གྲངས་ ༢༣༧༠༢ ་ལྷག་ལ་ནད་ཡམས་དེ་འགོས་པའི་དོགས་པ་བྱེད་བཞིན་པ་རེད།
གོང་བརྗོད་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Coronavirus)་དེ་བཞིན་རྒྱ་ཡན་དུ་ཁྱབ་གདལ་ཆེ་རུ་ཕྱིན་པའི་གནས་སྟངས་ཛ་དྲག་ཡིན་པ་དང་། གནས་སྟངས་དེའི་འོག་ནད་པ་ཁག་ཅིག་ལ་དམིགས་བཀག་གིས་སྨན་བཅོས་མ་བྱས་བ་དང་། ཤི་སྒུག་བྱེད་བཅུག་པ་སོགས་ནང་མི་ཁག་ཅིག་གིས་ཉེས་འཛུགས་བྱེད་བཞིན་པའི་གནད་དོན་མང་པོ་ཡོད་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་བཏོན་པའི་གྲངས་ཐོ་དེར་དོགས་པ་བྱེད་མཁན་ཡང་མང་པོ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎