རྟའུ་ཕྱོགས་སུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་ཇེ་མང་དང་འགྲིམ་འགྲུལ་བཀག་སྡོམ།


2020.02.18
ལྷ་སར་ཏོག་དབྱིབས་ནད་འབུ་སྔོན་འགོག་ཆེད་གང་སར་སྲུང་བཞིན་པ། ༢༠༢༠།༢ ལྷ་སར་ཏོག་དབྱིབས་ནད་འབུ་སྔོན་འགོག་ཆེད་གང་སར་སྲུང་བཞིན་པ། ༢༠༢༠།༢
བོད་འབྱོར།

དཀར་མཛེས་རྟའུ་རྫོང་དུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་༥་ཇེ་མང་དུ་སོང་ཡོད་པ་དང་རྟའུ་ཕྱོགས་སུ་འགྲིམ་འགྲུལ་བཀག་སྡོམ་བྱས་འདུག
ཕྱི་ཚེས་༡༨་ཉིན་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཚེས་༡༧་ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་། དཀར་མཛེས་ཁུལ་དུ་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(COVID-19)་ཡོད་པའི་ནད་པ་ལྔ་བྱུང་ཡོད་པ་དང་། ཁོང་ཚོ་ཚང་མ་རྟའུ་ནས་ཡིན་འདུག ད་ལྟའི་ཆར་རྟའུ་རྫོང་དུ་ཁྱོན་བསྡོམས་ནད་པ་༥༧་བྱུང་བ་དང་། དེ་རྩིས་ན་དཀར་མཛེས་ཁུལ་ཡོངས་སུ་ནད་པ་༦༢་བར་འཕར་ཡོད། དེའི་ནང་ནས་ནད་པ་༨་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་ཡོད་ཚུལ་ཡང་བརྗོད་འདུག
རྟའུ་ཕྱོགས་སུ་ཛ་དྲག་གི་གནས་སྟངས་དེའི་འོག་ཚེས་༡༧་ཉིན་དཀར་མཛེས་ཁུལ་སྤྱི་བདེ་ལས་ཁུངས་དང་། དཀར་མཛེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་བཅས་ནས་གསལ་བསྒྲགས་སྤེལ་ནས། ཞིང་ཆེན་དང་ཁུལ་ནས་ཆོག་མཆན་ཐོབ་པ་བརྒྱུད། སྤྱི་ཚེས་༡༧་ཉིན་ནས་བཟུང་རྟའུ་ཕྱོགས་ཀྱི་གཞུང་ལམ་ཨང་༣༥༠་རྟའུ་རྫོང་དཔལ་སྨད་གྲོང་རྡལ་ནས་རྟའུ་རྫོང་ཁང་སར་ཡུལ་ཤོག་བར་ཏོག་དབྱིབས་གསར་བའི་ནད་ཡམས་མཇུག་མ་རྫོགས་བར་འགྲིམ་འགྲུལ་བཀག་སྡོམ་བྱེད་རྒྱུ་ཡིན་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོར་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར་ན། འདི་གའི་ཚེས་ ༡༨ ་ཉིན་བར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ ་ཐོན་ཡོད་པ་དེ་སྤྱི་ཟླ་ ༢ ་ཚེས་ ༡༢་ཉིན་ནད་གཞི་སངས་དྲག་སོང་བའི་འགྲོ་ལུགས་གཉེར་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཁ་བྲལ་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་ཡོད་པ་རེད། དེ་བཞིན་མཚོ་སྔོན་ཟི་ལིང་དུ་ནད་པ་ ༡༥ ་དང་། མཚོ་བྱང་ཁུལ་དུ་ནད་པ་༣ སི་ཁྲོན་དཀར་མཛེས་ཁུལ་དུ་ནད་པ་༦༢ ༼དེའི་ནང་ ༥༧ ་རྟའུ་རྫོང་ནས་ཡིན༽ རྔ་བ་ཁུལ་དུ་༡ ཀན་ལྷོའམ་མདོ་ལྷོ་ཁུལ་དུ་བསྡོམས་ནད་པ་༨ བཅས་བྱུང་འདུག
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ ་པའི་ཚེས་ ༡༨ ་ཉིན་གྱི་ཞོགས་པ་བར། རྒྱ་ནག་ནང་མི་གྲངས་༧༣༣༣༦་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། ༼དེའི་ཁྲོད་སྨན་པ་༡༧༡༦་ལྷག་ཡོད༽ དེའི་ཁྲོད་ཀྱི་ནད་པ་མི་གྲངས་༡༨༧༥་ཙམ་གྲོངས་འདུག་ལ་རྒྱ་ནག་ཝུའུ་ཧན་ནས་ད་ཆ་འཛམ་གླིང་གི་ཡུལ་གྲུ་ཁག་ ༢༥ ་ཙམ་གྱི་ནང་ནད་ཡམས་དེ་ཁྱབ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎