རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་ཝུའུ་ཆང་སྨན་ཁང་གི་འགན་འཛིན་གྲོངས་འདུག

2020-02-18
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་ཝུའུ་ཧན་(Wuhan)་གྲོང་ཁྱེར་ཝུའུ་ཆང་(Wuchnag)་སྨན་ཁང་གི་འགན་འཛིན་ལོ་ན་༥༡་ཡིན་པ་སྐུ་ཞབས་ལེའི་ཊི་མེན་(Liu Zhiming) ༼ཟླ་ཚེས་མི་གསལ
རྒྱ་ནག་ཝུའུ་ཧན་(Wuhan)་གྲོང་ཁྱེར་ཝུའུ་ཆང་(Wuchnag)་སྨན་ཁང་གི་འགན་འཛིན་ལོ་ན་༥༡་ཡིན་པ་སྐུ་ཞབས་ལེའི་ཊི་མེན་(Liu Zhiming) ༼ཟླ་ཚེས་མི་གསལ
ཝུའུ་ཆང་Wuchnag)་སྨན་ཁང་གི་དྲ་བ།

ཏོག་དབྱིབས་ནད་འབུ་གསར་བ་ཐོན་ཁུལ་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་ཝུའུ་ཆང་སྨན་ཁང་གི་འགན་འཛིན་ནད་ཡམས་དེའི་རྐྱེན་པས་གྲོངས་འདུག
རྒྱ་ནག་གི་ནད་ཡམས་སྔོན་འགོག་སྡེ་ཚན་གྱིས་ཏོག་དབྱིབས་ནད་འབུ་གསར་བ་ཕོག་པའི་ནད་པ་ཚོར་ཞིབ་འཇུག་བྱས་པའི་ཉམས་ཞིབ་ཀྱི་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་། སྤྱིར་ནད་ཡམས་དེ་ཕོག་པའི་དམངས་ཚོགས་བརྒྱ་ཆ་༨༠་དྲག་སྐྱེད་ཡོང་གི་ཡོད་ཀྱང་། ལོ་ན་རྒན་པ་དང་གཟུགས་གཞི་བདེ་ཐང་མེད་པ་ཚོར་ཉེན་ཚབས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད།
ད་དུང་ཉམས་ཞིབ་ནང་དམིགས་བསལ་ནད་ཡམས་སྨན་བཅོས་བྱེད་མཁན་གྱི་འཕྲོད་བསྟེན་ཞབས་ཞུ་བ་ཚོར་ནད་ཡམས་དེ་འགོས་རྒྱུའི་ཉེན་ཚབས་ཆེན་པོ་ཞིག་ཆགས་ཡོད་པ་དང་། ཏོག་དབྱིབས་ནད་འབུ་གསར་བ་ཐོན་ཁུལ་རྒྱ་ནག་ཝུའུ་ཧན་(Wuhan)་གྲོང་ཁྱེར་ཝུའུ་ཆང་(Wuchang)་སྨན་ཁང་གི་འགན་འཛིན་ལོ་ན་༥༡་ཡིན་པ། སྐུ་ཞབས་ལེའི་ཊི་མེན་(Liu Zhiming)་ལ་ཏོག་དབྱིབས་ནད་འབུ་གསར་བ་འགོས་ནས་སྨན་བཅོས་གང་ཡོད་བྱས་ཀྱང་ཕན་འབྲས་མ་བྱུང་བར་གྲོངས་ཡོད་པ་དང་། ཁོང་ནི་རྒྱ་ནག་ནང་ནད་ཡམས་དེའི་རྐྱེན་པས་རྐྱེན་འདས་སུ་ཕྱིན་པའི་གཞུང་གི་འཕྲོད་བསྟེན་ཞབས་ཞུའི་དཔོན་རིགས་མཐོ་ཤོས་དེ་ཆགས་ཡོད་པ་རེད།
ཡང་གོང་ཞུའི་སྙན་ཐོའི་ནང་ནད་ཡམས་ཕོག་པའི་ནད་པར་སྨན་བཅོས་བྱེད་མཁན་གྱི་འཕྲོད་བསྟེན་ཞབས་ཞུ་བར་ནད་ཡམས་དེ་འགོས་པའི་གྲངས་འབོར་དེ་༣༠༡༩་དང་། དེའི་ནང་འཕྲོད་བསྟེན་ཞབས་ཞུ་བ་མི་ལྔ་གྲོངས་ཟིན་པ་གསལ་འདུག
ད་དུང་ཞིབ་འཇུག་གི་སྙན་ཐོའི་ནང་། ནད་ཡམས་དེ་ཁྱབ་གདལ་ཤུགས་ཆེ་ཤོས་ཕྱི་ཟླ་༡་པོའི་ཚེས་༢༣་ནས་༢༦་གྱི་བར་བྱུང་ཡོད་པ་དང་། ཕྱི་ཟླ་༢་པའི་ཚེས་༡༡་གི་རྗེས་ནས་ནད་ཡམས་འགོས་ཁྱབ་བྱུང་བའི་གྲངས་འབོར་ཕྲན་བུ་ཉུང་དུ་ཕྱིན་ཡོད་པ་དང་། དེ་ནི་ནད་ཡམས་ཁྱབ་གདལ་འགོག་སྲུང་གི་ཆེད། ནད་དུག་དེ་ཐོན་ཡུལ་ཧུའུ་པེ་(Hubie)་ཞིང་ཆེན་གྱི་ནང་མང་ཚོགས་ཀྱི་འགྲིམ་འགྲུལ་བཀག་སྡོམ་བྱས་པ་དང་། གཞན་ཡང་ནད་ཡམས་སྔོན་འགོག་སླད་གཙང་སྦྲ་འཕྲོད་བསྟེན་གྱི་ལམ་སྟོན་སློབ་གསོའི་གོ་རྟོགས་སྤེལ་བ་བཅས་ཀྱིས་ཕྲན་བུའི་ནུས་པ་ཐོན་ཡོད་པ་ཡང་གསལ་སྟོན་བྱས་འདུག ཡིན་ཡང་ཕྱི་ཕྱོགས་སུ་གསར་ལམ་ཁག་མང་པོར་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཐད་ཐོག་མར་གནས་ཚུལ་གསང་བ་བྱས་བ་དང་། རྗེས་སུ་ཕྱི་བསྒྲགས་བྱས་བའི་ནད་པ་དང་འདས་གྲོངས་གྱུརབའི་གྲངས་འབོར་དེ་དག་ངོ་མ་མིན་པ་ཚོད་དཔག་དང་སྐྱོན་བརྗོད་བྱེད་བཞིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།