རྟའུ་ལ་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་པའི་ནད་པ་གསར་བ་གཉིས་བྱུང་འདུག

2020-02-26
གློག་འཕྲིན།
མཆན།
Share
པར་བཀོད།
སྟག་ཚ་ཕྱོགས་སུ་ཏོག་དབྱིབས་ནད་འབུ་གསར་བ་སྔོན་འགོག ༢༠༢༠།༢
སྟག་ཚ་ཕྱོགས་སུ་ཏོག་དབྱིབས་ནད་འབུ་གསར་བ་སྔོན་འགོག ༢༠༢༠།༢
བོད་འབྱོར།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་དུ་ཡང་བསྐྱར་ཏོག་དབྱིབས་ནད་འབུ་གསར་པ་འགོས་ཡོད་པའི་ནད་པ་གཉིས་ཐོན་ནས་ད་ཆ་ནད་པ་མི་གྲངས་༦༦་བར་འཕར་འདུག
འདི་ཚེས་༢༥་ཉིན་གྱི་ཆུ་ཚོད་ཉེར་བཞིའི་ནང་ཁམས་དཀར་མཛེས་ཁུལ་རྟའུ་རྫོང་དུ། གསར་དུ་ཏོག་དབྱིབས་ནད་འབུ་གསར་བ་ཕོག་མཁན་ནད་པ་གཉིས་བྱུང་ཡོད་པ་དང་། ནད་པ་དེ་གཉིས་ནི་རྟའུ་རྫོང་ནས་ཡིན་པ་རེད། ནད་པ་གཅིག་ནི་མིང་ལ་ལེ་ཆེ་གེ་མོ་་ཟེར་བའི་བུད་མེད་ལོ་ན་༦༦་ལོན་པ་ཞིག་ཡིན་པ་དང་། ཁོང་སྡོད་ཡུལ་ནི་རྟའུ་རྫོང་ཁུང་སེར་གྲོང་སྡེ་ནས་ཡིན་པ་དང་། ས་ཆ་གཞན་གང་ལ་ཡང་འགྲོ་མྱོང་མེད་པ་རེད། གཞན་གཅིག་གི་མིང་ལ་ཟླ་ལེ་ཆེ་གེ་མོ་ཞེས་འབོད་ཀྱི་ཡོད་པ་དང་། ཁོང་ནི་ལོ་ན་༦༢་ལ་སོན་ཡོད་པར་སྡོད་གནས་རྟའུ་རྫོང་ཞན་ཧྲའེ་གྲོང་རྡལ་ལེང་ལེང་གྲོང་ཚོ་ནས་ཡིན་པ་རེད།
དེ་ལྟར་སྤྱི་ཟླ་༢་ཚེས་༢༥་བར་དཀར་མཛེས་ཁུལ་སྤྱི་ཡོངས་སུ་ཏོག་དབྱིབས་ནད་འབུ་གསར་བ་འགོས་བའི་ནད་པ་མི་གྲངས་༧༡་ཡིན་པ་དང་། དེའི་ནང་ནས་ནད་པ་གསར་བ་གཉིས་རྩིས་བའི་མི་གྲངས་༦༦་རྟའུ་རྫོང་ནས་ཡིན་པ་སོགས་དཀར་མཛེས་འཕྲོད་བསྟེན་བདེ་ཐང་ལྷན་ཁང་དང་རྒྱ་ནག་གི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་འདུག
དེ་ལྟར་ན་ས་གནས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་འོང་གི་བཀག་རྒྱ་ཅུང་ལྷོད་བཞིན་ཡོད་ཀྱང་བོད་མི་མང་པོ་ཞིག་གིས་ཏོག་དབྱིབས་ནད་འབུ་གསར་བ་དེ་འགོས་ཁྱབ་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་སེམས་ཁྲལ་བྱེད་བཞིན་པ་རེད།
དེ་བཞིན་རྒྱ་ནག་གཞུང་ཕྱོགས་ནས་ད་ལྟའི་ཆར་ཞིང་ཆེན་ཁ་ཤས་ནང་རྒྱུན་ལྡནགྱི་་ལས་དོན་བསྐྱར་གསོ་བྱས་ཡོད་ལུགས་བརྗོད་ཡོད་ནའང་དོན་དུ་འགོས་ནད་དེའི་དབང་གིས་ལས་ཀ་བྱེད་མཁན་མེད་པའི་དཀའ་ངལ་ཡང་འཕྲད་བཞིན་ཡོད་པ་རེད།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོར་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར་ན། འདི་གའི་ཚེས་ ༢༦ ་ཉིན་བར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ ་ཐོན་ཡོད་པ་དེ་སྤྱི་ཟླ་ ༢ ་ཚེས་ ༡༢་ཉིན་ནད་གཞི་སངས་དྲག་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཐོན་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་ཡོད་པ་རེད། དེ་བཞིན་མཚོ་སྔོན་ཟི་ལིང་དུ་ནད་པ་ ༡༥ ་དང་། མཚོ་བྱང་ཁུལ་དུ་ནད་པ་༣ སི་ཁྲོན་དཀར་མཛེས་ཁུལ་དུ་ནད་པ་༧༡། དེ་དག་ལས་རྟའུ་རྫོང་ཁོངས་སུ་ནད་པ་༦༦་དང་། དར་རྩེ་མདོ་རུ་ནད་པ་༢། གསེར་རྟ་ལ་ནད་པ་༢། འདབ་པ་ལ་ནད་པ་༡་བཅས་བྱུང་འདུག རྔ་བ་ཁུལ་དུ་༡། ཀན་ལྷོའམ་མདོ་ལྷོ་ཁུལ་དུ་བསྡོམས་ནད་པ་༨ ་བཅས་བྱུང་འདུག
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ ་པའི་ཚེས་ ༢༦་ཉིན་གྱི་ཞོགས་པ་བར། རྒྱ་ནག་ནང་མི་གྲངས་༨༡༢༤༥་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། ༼དེའི་ཁྲོད་སྨན་པ་༡༧༡༦་ལྷག་ཡོད༽ དེའི་ཁྲོད་ཀྱི་ནད་པ་མི་གྲངས་༢༧༧༠་ཙམ་གྲོངས་འདུག་ལ་རྒྱ་ནག་ཝུའུ་ཧན་ནས་ད་ཆ་འཛམ་གླིང་གི་ཡུལ་གྲུ་ཁག་ ༣༥་ལྷག་གི་ནང་ནད་ཡམས་དེ་ཁྱབ་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།