མཚོ་སྔོན་ཟི་ལིང་དུ་ཏོག་དབྱིབས་ནད་འབུ་གསར་བ་འགོས་བའི་ནད་པ་ཞིག་ཐོན་འདུག

2020-04-07
གློག་འཕྲིན།
མཆན།
Share
པར་བཀོད།
མཚོ་སྔོན་ཕྱོགས་སུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་སྔོན་འགོག་བྱེད་བཞིན་པ། ༢༠༢༠།༣
མཚོ་སྔོན་ཕྱོགས་སུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་སྔོན་འགོག་བྱེད་བཞིན་པ། ༢༠༢༠།༣
བོད་འབྱོར།

་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་རྟགས་ཡོད་པའི་ནད་པ་ཞིག་ཐོན་འདུག
ཕྱི་ཟླ་བཞི་པའི་ཚེས་༦་ཉིན་མོར་མཚོ་སྔོན་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནས། ཟི་ལིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ལྟེ་གནས་སུ་ཞིབ་བཤེར་བྱ་རྒྱུར་བསྐྱལ་བའི་རྒྱལ་ཁོངས་ཧོ་ལན་ཌི་ནས་ཡིན་པ་ཞིག་ལ་བརྟག་དཔྱད་བྱས་པའི་འབྲས་བུར། མི་དེར་ཏོག་དབྱིབས་ནད་འབུ་གསར་པ་འགོས་ཡོད་པ་གཏན་འཁེལ་བྱུང་ཡོད་པ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཟེར་བའི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
གོང་གསལ་དྲ་རྒྱ་དེའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཝུའུ་ཧན་གྱི་འགོས་ནད་ཕོག་པའི་ནད་པ་དེའི་མིང་ལ་ཨན་ཆེ་གེ་མོ་ཟེར་བ་ཙམ་ལས་མིང་ཆ་ཚང་བཀོད་མི་འདུག་ལ། ཁོང་ནི་ལོ་ན་༥༤་དང་ཡོ་རོབ་ཧོ་ལན་ཌི་ནས་ཡོང་བ་ཡིན་ཞིང་། མཚོ་སྔོན་ཨ་མདོའི་ལག་ཤེས་བཟོ་རྩལ་ཚད་ཡོད་ཁེ་ལས་ཁང་གི་ཁྲིམས་མི་ཡིན་པ་བཀོད་འདུག
ཡང་མུ་མཐུད་དུ་གནས་ཚུལ་བཀོད་པའི་ནང་། ཁོང་ནི་༡༩༩༨་ལོ་ནས་བཟུང་ཟི་ལིང་གྲོང་ཁྱེར་དུ་ཡུན་རིང་གནས་སྡོད་བྱས་པའི་སྐོར་དང་། ཨན་ཆེ་གེ་མོ་ཟླ་བ་༣་པའི་ཚེས་༢༡་ཉིན། བཟའ་ཟླ་དང་མཉམ་དུ་གནམ་གྲུ་(MF081246B)་བྱས་པའི་འགྲུལ་སྐྱེལ་གནམ་གྲུར་བསྡད་ནས་ཧོ་ལན་ཌི་(Amsterdam)་ཨ་མུའུ་སི་ཌམ་ནས་ཡོང་བ་ཡིན་སྐོར་དང་། ཚེས་༢༢་ཉིན་མཚོ་སྔོན་ཟི་ལིང་གནམ་ཐང་དུ་འབྱོར་ནས་ཟི་ལིང་གནམ་ཐང་གི་ལས་དོན་མི་སྣས་ཁོང་ལ་ཆེད་མངགས་རླངས་འཁོར་བཏང་ནས་ཟི་ལིང་མེ་འཁོར་འབབ་ཚུགས་ཀྱི་ཕྱི་ཕྱོགས་ནས་ཡོང་བའི་འགྲུལ་པ་ཁག་བགོས་བྱེད་སར་བསྐྱལ་བ་སོགས་འཁོད་འདུག
གནས་ཚུལ་འདིའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཟི་ལིང་ས་གནས་སུ་འབྲེལ་བ་བྱས་སྐབས་མིང་འདོད་མ་གནང་བའི་བོད་མི་ཞིག་གིས། གནས་ཚུལ་དེ་ཁྱབ་པ་དང་ས་གནས་སུ་བཟའ་ཆས་སོགས་ཉོ་མཁན་ཇེ་མང་ལ་སོང་འདུག མ་གཞི་ཕྱི་ཟླ་༤་བའི་ཚེས་༡༡་ནས་སློབ་ཆེན་ཁག་ཚོགས་འཆར་ཡོད་སྟབས་ཁྱིམ་བདག་ཕ་མ་ཚོས་གནས་ཚུལ་དེ་ཐོས་རྗེས་སེམས་ཁྲལ་བྱེད་བཞིན་པ་འགྲེལ་བརྗོད་གནང་བྱུང་།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོར་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར་ན། སྨད་པ་དྲག་དྲག་སྐྱེད་བྱུང་མིན་ལ་མ་བལྟོས་བར་འདི་གའི་ཚེས་ ༧ ་ཉིན་བར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ ་ཐོན་ཡོད་པ་དང་། དེ་བཞིན་མཚོ་སྔོན་ཟི་ལིང་དུ་ནད་པ་ ༡༦ ་དང་། མཚོ་བྱང་ཁུལ་དུ་ནད་པ་༣ སི་ཁྲོན་དཀར་མཛེས་ཁུལ་དུ་ནད་པ་༧༨། དེ་དག་ལས་རྟའུ་རྫོང་ཁོངས་སུ་ནད་པ་༧༣་དང་། དར་རྩེ་མདོ་རུ་ནད་པ་༢། གསེར་རྟ་ལ་ནད་པ་༢། འདབ་པ་ལ་ནད་པ་༡་བཅས་བྱུང་འདུག རྔ་བ་ཁུལ་དུ་༡། ཀན་ལྷོའམ་མདོ་ལྷོ་ཁུལ་དུ་བསྡོམས་ནད་པ་༨ ་བཅས་བྱུང་འདུག
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ ་པའི་ཚེས་ ༢༧་ཉིན་གྱི་ཞོགས་པ་བར། རྒྱ་ནག་ནང་མི་གྲངས་༨༢༥༤༩་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། ༼དེའི་ཁྲོད་སྨན་པ་དང་སྨན་ཞབས་༣༣༩༠་ལྷག་ཡོད༽ དེའི་ཁྲོད་ཀྱི་ནད་པ་མི་གྲངས་༢༨༡༠་ཙམ་གྲོངས་འདུག་ལ་རྒྱ་ནག་ཝུའུ་ཧན་ནས་ད་ཆ་འཛམ་གླིང་གི་ཡུལ་གྲུ་ཁག་ ༤༠་ཙམ་གྱི་ནང་ནད་ཡམས་དེ་ཁྱབ་ཡོད་འདུག
དེ་བཞིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ལྟར་ན། འདི་གའི་སྤྱི་ཟླ་ ༤ ་པའི་ཚེས་༧་ཉིན་གྱི་ཞོགས་པ་བར། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༠༦་ཙམ་གྱི་ནང་ཁྱབ་ནས། ད་བར་ཁྱོན་བསྡོམས་ནད་པ་མི་གྲངས་༡༣༧༠༦༠༡་ཐོན་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༧༧༣༡༦་འདས་གྲོངས་སུ་ཕྱིན་འདུག་ལ། ད་ལྟའི་ཆར་ནད་པའི་གྲངས་ཀ་མང་ཤོས་ཨ་རི་དང་། སུ་པན། ཨེ་ཊ་ལི། ཧྥ་རན་སུ། རྒྱ་ནག ཇར་མན་བཅས་ཡིན་པ་རེད།


མཆན། (0)
Share
དྲ་གནས་ཆ་ཚང༌།