བདུན་ཕྲག་འདིའི་ནང་ཏོག་དབྱིབས་ནད་ཡམས་འགོས་བའི་བཙན་བྱོལ་བོད་མི་༡༡༣་བྱུང་འདུག


2020.09.10
ལ་དྭགས་ནས་ཏོག་དབྱིབས་གསར་བའི་ནད་ཡམས་ཀྱི་ནད་རྟགས་ཡོད་པའི་བོད་མི་གཉིས་གྲོངས་ཡོད་པ། ༢༠༢༠།༨།༣༡ ལ་དྭགས་ནས་ཏོག་དབྱིབས་གསར་བའི་ནད་ཡམས་ཀྱི་ནད་རྟགས་ཡོད་པའི་བོད་མི་གཉིས་གྲོངས་ཡོད་པ། ༢༠༢༠།༨།༣༡
RFA

བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་བོད་མི་༡༡༣་ལ་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་ཕོག་ཡོད་པ་དང་གཅིག་འདས་གྲོངས་སུ་ཕྱིན་འདུག
བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་༡༡༣་ལ་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཀོ་ཝིཌ་༡༩་(Covid19)་ཏོག་དབྱིབས་རིམས་ནད་ཕོག་ཡོད་པ་དང་། དེའི་ཁོངས་ནས་རང་ལོ་༨༣་སོན་ལ་སོན་པའི་བུད་མེད་གཅིག་འདས་གྲོངས་སུ་ཕྱིན་ཡོད་པ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམ་སྔོན་འགོག་ལས་དོན་ཚོགས་ཆུང་གིས་འདི་ཚེས་༡༠་ཉིན་གསལ་བསྒྲགས་སྤེལ་འདུག དེ་ནི་ལ་དྭགས་ནས་བོད་མི་༦༠་དང་། མོན་གྷོ་འདོད་རྒུ་གླིང་ནས་༣༡ བྷེལ་ཀོབ་ནས་༤ བྷེང་ལོར་ནས་༡ བྷན་དྷ་ར་ནོར་རྒྱས་གླིང་ནས་༣ མཚོ་པདྨ་ནས་༡ སྒང་ཏོག་ནས་༡༡ ལྡི་ལི་བོད་སྒར་བསམ་ཡས་གླིང་ནས་༢་བཅས་ཡིན་པ་རེད་འདུག
ལ་དྭགས་ནང་ཏོག་དབྱིབས་གསར་བའི་འགོས་ནད་ཕོག་མཁན་བོད་མི་༦༠་བྱུང་ཡོད་པ་ལས་མང་ཆེ་བ་བོད་ཁྱིམ་རྒས་གསོ་ཁང་དང་འབྲེལ་བ་ཆགས་ཡོད་པ་དང་། དེ་ནི་ཉེ་ལམ་ཁུལ་དེར་བོད་མི་༣༠་ལྷག་ལ་ནད་རྟགས་ཐོན་པའི་རྗེས། རིམ་པས་འགོས་ཁྱབ་ཀྱིས་ཁྱོན་བཙན་བྱོལ་བོད་མི་ནད་པ་གྲངས་༧༡་བར་འཕར་ཡོད་པ་དང་། རྗེས་སུ་ཁ་ཤས་དྲག་བསྐྱེད་ཀྱིས་འཕྲུལ་ཆས་ཀྱི་ལམ་ནས་བརྟག་དཔྱད་སྐབས། ནད་རྟགས་མངོན་གསལ་ཅན་མེད་པའི་རིགས་མར་འཐེན་ན། ད་ལྟ་ལ་དྭགས་ས་གནས་སུ་(Covid 19)་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་བཙན་བྱོལ་བོད་མི་༦༡་ཡོད་པ་དང་། འབྲེལ་ཡོད་ལས་བྱེད་ཚོས་ཉིན་མཚན་མེད་པར་སྐུ་ལས་བསྐྱོན་བཞིན་པ་ལ་དྭགས་བོད་ཁྱིམ་གྱི་འགན་འཛིན་འཆི་མེད་ལྷུན་འགྲུབ་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་འདི་གའི་རླུང་འཕྲིན་ཁང་གིས་གནས་ཚུལ་རྩད་ཆོད་བྱུང་བ་ལྟར་ན། འདས་པའི་བདུན་ཕྲག་གཅིག་ནང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་གཞིས་ཁོངས་སུ་(Covid 19)་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་བཙན་བྱོལ་བོད་མི་༣༨་བྱུང་བའི་ཁྲོད། ནད་པ་༡་འདས་གྲོངས་སུ་ཕྱིན་པ་དང་། བདུན་དྲག་སྐྱེས་བྱུང་ནས་ད་ཆ་ནད་པ་མི་གྲངས་༣༠་ད་ལྟ་གཞིས་ཁུངས་སུ་ཟུར་བཀག་སྨན་བཅོས་བྱེད་བཞིན་པ་འདོད་རྒུ་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་ངག་དབང་ཐུབ་བསྟན་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
དེ་ཙ་ན་རྒྱ་གར་དབུས་གཞུང་གི་གྲངས་ཐོ་ལྟར་ན། འདི་ཚེས་༡༠་ཉིན་བར། རྒྱ་གར་ནང་མི་གྲངས་༤༤༩༤༣༨༩་ལྷག་ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་དང་། དེའི་ཁྲོད་མི་གྲངས་ཁྲི་༧་དང་ཕྱེད་ཀ་ལྷག་འདས་གྲོངས་སུ་ཕྱིན་ཡོད་འདུག
སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། ད་བར་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་༢༡༠་ལྷག་གི་ནང་ཁྱབ་གདལ་ཕྱིན་ནས། འདི་ཚེས་༡༠་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་པ་མི་གྲངས་༢༨༠༥༡༨༨༣་བྱུང་བའི་ཁྲོད། ནད་པ་མི་གྲངས་༩༠༨༦༣༠་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པར། ད་ཆ་ནད་པ་མང་ཤོས་ཨ་མི་རི་ཀ་དང་། རྒྱ་གར། བྷིར་ཛལ། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཀ པེ་རོའུ་སོགས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎