ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་བྱམས་བརྩེའི་ལམ་ནས་སེལ་ཐབས་གནང་དགོས། ༧གོང་ས་མཆོག་གིས།

2020-04-15
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ།
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ།
OHHDL

སྨོན་ལམ་བཏབ་བསྡད་པ་ཙམ་གྱིས་འདང་གི་མེད་པར་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་བྱམས་བརྩེའི་ལམ་ནས་སེལ་ཐབས་གནང་དགོས་པ་༧གོང་ས་མཆོག་གིས་བཀའ་སྩལ་འདུག
དེ་ཡང་ཨ་མི་རི་ཀའི་ནང་གི་དུས་བབ་དུས་དེབ་(TIME Magazine)་ཞེས་པའི་ཐོག སྤྱི་ཟླ་༤་པའི་ཚེས་༡༤་ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ལྗགས་རྩོམ་ཞིག་མཛད་ཡོད་ཅིང་། ལྗགས་རྩོམ་དེའི་ནང་“སྐབས་རེར་ངོས་ཀྱི་གྲོགས་པོ་ཚོས་ངོས་ལ་རྫུ་འཕྲུལ་བསྟན་ཏེ་འཛམ་གླིང་འདིའི་དཀའ་རྙོག་ཁག་ཅིག་སེལ་རྒྱུར་རེ་བ་བཏོན་པར། ངོས་ནས་རྟག་ཏུ་ཁོང་ཚོར་ཏཱ་ལའི་བླ་མས་རྫུ་འཕྲུལ་གང་ཡང་སྟོན་མི་ཤེས། གལ་ཏེ་རྫུ་འཕྲུལ་སྟོན་ཤེས་ན། ངོས་ལ་རྐང་པ་དང་མིད་པ་ན་རྒྱུ་ཡོང་གི་མ་རེད་ཅེས་བཤད་བསྡད་ཡོད། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་གྱུར་དང་འཇིགས་སྣང་དང་རེ་དོགས་བཅས་ཉམས་སུ་མྱོང་བསྡད་པའང་གཅིག་མཚུངས་རེད།
ནང་པའི་ལྟ་སྟངས་ཀྱི་ཐོག་ནས་སེམས་ཅན་ཡོངས་རྫོགས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་མནར་ཡོད་ནའང་། འགྲོ་བ་མི་རྣམས་ལ་རང་གི་རྣམ་དཔྱོད་བེད་སྤྱོད་ཀྱིས་ཁོང་ཁྲོ་དང་དངངས་སྐྲག་འདོད་རྔམ་བཅས་ལ་ཁ་ལོ་བསྒྱུར་ཐུབ་པའི་ནུས་པ་ཡོད། དངོས་ཡོད་གནས་ཚུལ་ཇི་མ་ཇི་བཞིན་དང་གསལ་པོ་དག་པོ། འཇིགས་སྣང་དང་ཁོང་ཁྲོའི་དབང་གིས་མགོ་མ་རྙོག་པའི་ཐོག་ནས་མཐོང་ཐུབ་ཐབས་སུ། ཉེ་བའི་ལོ་ཤས་ནས་ངོས་ཀྱིས་ཆགས་སྡང་ལ་སྟངས་འཛིན་དགོས་པའི་ཐོག་ནན་བཤད་བྱས་བསྡད་ཡོད། དཀའ་ངལ་ག་རེ་འཕྲད་ཀྱང་དེ་ལ་སེལ་ཐབས་ཤིག་ཡོད་ན། ང་ཚོས་ངེས་པར་འབད་བརྩོན་གྱིས་སེལ་ཐབས་བྱ་དགོས་མོད། དཀའ་ངལ་དེ་སེལ་བའི་ཐབས་ལམ་ཞིག་མེད་པ་ཡིན་ན། ང་ཚོས་དེའི་ཐོག་བསམ་བློ་བཏང་སྟེ་དུས་ཚོད་ཆུད་ཟོས་གཏོང་དགོས་དོན་མེད། ཞེས་དང་། ཡང་གོང་ས་མཆོག་གིས་མཛད་པའི་ལྗགས་རྩོམ་དེའི་ནང་དུ། ང་ཚོ་ནང་པ་རྣམས་ཀྱིས་འཛམ་གླིང་ཧྲིལ་བོ་འདི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པར་ཡིད་ཆེས་གནང་གི་ཡོད་ཅིང་། རྒྱུ་མཚན་དེའི་ཕྱིར་ན་ངོས་ནས་རྟག་པར་སྤྱི་སེམས་ཀྱི་སྐོར་བཤད་བསྡད་ཡོད། ཏོག་དབྱིབས་ནད་ཡམས་ཀྱི་འགོས་ཁྱབ་སྐྱི་གཡའ་བ་འདིས་མི་གཅིག་ལ་བྱུང་བའི་གནས་ཚུལ་དེས་འཕྲལ་མ་ཉིད་དུ་མི་གཞན་ཚང་མར་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་ཡོད་མེད་བསྟན་ཡོད་པ་མ་ཟད། སྨན་ཁང་དུ་ཕྱག་ལས་གནང་བ་དང་སྤྱི་ཚོགས་རྒྱང་བཀྱེད་ལས་འགུལ་སོགས་གང་ལ་བལྟས་ཀྱང་། བྱམས་བརྩེ་དང་མཐུན་པའི་རྐྱེན་དུ་འགྱུར་བའི་བྱ་བ་རྣམས་ཀྱིས་མི་མང་པོར་ཕན་ཐོགས་ཀྱི་ནུས་པ་རྒྱ་ཆེན་པོ་ཡོད་པའི་དྲན་སྐུལ་གཏོང་གི་འདུག
ཏོག་དབྱིབས་ནད་ཡམས་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་གསར་འགྱུར་ཐོན་པ་ནས་བཟུང་། ངོས་ནས་རྒྱ་ནག་དང་འཛམ་གླིང་གང་སར་གནས་པའི་མཆེད་གྲོགས་ཕོ་མོ་ཚོར་སྨོན་ལམ་བརྒྱབས་ཡོད། ད་ཆ་ང་ཚོས་མཐོང་ཐུབ་པ་ཞིག་ནི་ནད་ཡམས་འདི་འགོག་སྲུང་གི་ནུས་པ་སུ་ལའང་མི་འདུག ང་ཚོ་ཚང་མས་རང་གི་སྙིང་ཉེ་སའི་རིགས་དང་འབྱུང་འགྱུར་འཛམ་གླིང་གི་དཔལ་འབྱོར་དང་སྒེར་སོ་སོའི་ཁྱིམ་དོན་བཅས་ལ་སེམས་ཁྲལ་བྱས་ཀྱི་ཡོད། འོན་ཀྱང་། སྨོན་ལམ་བཏབ་ཙམ་གྱིས་འདང་གི་མེད།
གཉན་འཕྲང་གི་དུས་སྐབས་འདིས་ང་ཚོ་ཚང་མས་གང་ཐུབ་ཅི་ཐུབ་ཀྱིས་ངེས་པར་འགན་ཁུར་ལེན་དགོས་པ་བསྟན་གྱི་ཡོད་ཅིང་། ང་ཚོས་ངེས་པར་སྨན་པ་དང་སྨན་ཞབས་རྣམ་པའི་སེམས་ཤུགས་དང་ཚན་རིག་གི་ཉམས་མྱོང་ཟུང་འབྲེལ་གྱི་སྒོ་ནས། གནས་སྟངས་འདི་རྐྱེན་ངན་གྲོགས་སུ་བསྒྱུར་པ་དང་འབྱུང་འགྱུར་གྱི་ཉེན་ཁ་འདི་གྲས་གང་མང་ལས་སྐྱོབས་ཐབས་བྱེད་དགོས།
འཇིགས་སྣང་ཆེན་པོ་བྱ་དགོས་པའི་གནས་སྐབས་འདིར། ང་ཚོས་འཛམ་གླིང་ཧྲིལ་པོར་ཕུགས་ཐག་རིང་པོའི་ཆ་ནས་ཡོང་སྲིད་པའི་དཀའ་ངལ་རིགས་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། མཁའ་དབྱིངས་ནས་བླངས་པའི་ས་ཡི་གོ་ལའི་པར་ལས་གསལ་བོ་མཐོང་ཐུབ་པ་ཞིག་ནི། ང་ཚོའི་གོ་ལ་སྔོན་པོ་འདིར་དོན་གྱིས་ས་མཚམས་ངོ་མ་ཞིག་གང་ན་ཡང་མཐོང་རྒྱུ་མེད། དེར་བརྟེན། ང་ཚོ་ཀུན་གྱིས་ངེས་པར་གོ་ལ་འདི་ལ་གཅེས་སྤྲས་ཀྱི་ཐོག་ནས་གནམ་གཤིས་འགྱུར་ལྡོག་དང་གོད་ཆག་རིགས་འགོག་ཐབས་སུ་དོ་ཁུར་ལེན་དགོས་ཀྱི་ཡོད། ནད་ཡམས་འདིས་ང་ཚོ་ལ་ཉེན་བརྡ་ཞིག་བཏང་ཡོད་པ་ནི། འཛམ་གླིང་འདིར་སྔར་མ་གྲགས་པའི་དཀའ་ངལ་ཆེ་ཕྲ་མང་པོ་ཞིག་འཕྲད་ཡོང་དུས། ཐབས་ལམ་ཉག་གཅིག་པུ་ནི་ང་ཚོ་རྡོག་རྩ་གཅིག་སྒྲིལ་དང་མཉམ་རུབ་ཀྱིས་དཀའ་ངལ་ལ་གདོང་ལེན་བྱ་དགོས་པ་མཚོན་གྱི་ཡོད།
ང་ཚོས་ངེས་པར་དྲན་དགོས་པ་ནི་མི་སུ་གཅིག་ཀྱང་སྡུག་བསྔལ་ལས་གྲོལ་བ་ཐོབ་མེད་པས། ཁང་པ་མེད་པ་དང་ཟས་གོས་ལོངས་སྤྱོད་ཀྱིས་དབུལ་པ། བཟའ་མི་མེད་པ་སོགས་ལ་རོགས་ཕན་གྱིས་སྲུང་སྐྱོབས་བྱ་དགོས་པ་རེད། ང་ཚོ་ཕན་ཚུན་རྒྱང་བཀྱེད་དེ་བསྡད་མིན་ལ་མ་ལྟོས་པར། ཛ་དྲག་གི་རྐྱེན་ཆག་འདིས་ང་ཚོ་སོ་སོར་ཁ་བྲལ་མེད་པ་བསྟན་གྱི་ཡོད། དེ་བས་ང་ཚོ་ཚང་མ་ལ་བྱམས་བརྩེ་དང་རོགས་རམ་ཉམས་ལེན་གྱི་ཁུར་འགན་འཁྲིས་ཡོད།
ནང་པ་ཞིག་ཡིན་པའི་ཆ་ནས་ངོས་ཀྱིས་མི་རྟག་པའི་རིག་པ་ལ་ཡིད་ཆེས་བྱེད་ཀྱི་ཡོད། ངོས་ཀྱི་མི་ཚེའི་ནང་དམག་འཁྲུག་དང་སྐྱི་གཡའ་བའི་གནས་ཚུལ་གཞན་མང་པོ་ཞིག་རིམ་ཡལ་དུ་གྱུར་པ་བཞིན། ནད་ཡམས་འདི་ཡང་རིམ་པས་ཡལ་འགྲོ་རྒྱུ་དང་། ང་ཚོས་སྔོན་མ་ཐེངས་མང་བྱས་པ་བཞིན་འཛམ་གླིང་གི་སྤྱི་ཚོགས་བསྐྱར་འཛུགས་ཀྱི་གོ་སྐབས་ཤིག་ཤར་ཡོང་གི་རེད། ངོས་ནས་ཀུན་སློང་རྣམ་དག་གི་ལམ་ནས་ཚང་མ་བདེ་འཇགས་དང་ཞི་ལྷིང་ཡོང་བའི་རེ་བ་ཡོད་ཅིང་། ངེས་གཏན་མེད་པའི་དུས་སྐབས་འདིར། མི་མང་པོ་ཞིག་གིས་འབད་བརྩོན་གྱིས་མཐུན་རྐྱེན་སྒྲུབ་བཞིན་པར་ང་ཚོས་རེ་བ་དང་ཡིད་ཆེས་མི་བརླག་རྒྱུ་གལ་ཆེན་པོ་རེད་”ཅེས་འཁོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།