རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡང་བསྐྱར་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་མང་པོ་བྱུང་འདུག

2020-06-15
གློག་འཕྲིན།
མཆན།
Share
པར་བཀོད།
པེ་ཅིང་གི་སྡེབ་ཚོང་ཁྲོམ་ར།
པེ་ཅིང་གི་སྡེབ་ཚོང་ཁྲོམ་ར།
Reuters

རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་གློ་བུར་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འགོས་པའི་ནད་པ་མང་དུ་འགྲོ་བཞིན་པས་རྒྱ་ནག་ནང་ཡང་བསྐྱར་ནད་ཡམས་དེ་ཐེངས་གཉིས་བ་ཁྱབ་གདལ་འགྲོ་བར་སེམས་འཚབ་བྱེད་བཞིན་པ་རེད།
འདས་པའི་ཉིན་ཤས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་ཞིང་ལས་ཐོན་རྫས་ཚོང་ར་ཞིག་ཏུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་བྱུང་བའི་གནས་ཚུལ་བྱུང་བའི་རྗེས་སུ། པེ་ཅིན་དུ་ནད་ཡམས་དེའི་རིམ་པ་གཉིས་པ་ཁྱབ་གདལ་འགྲོ་སྲིད་པའི་ཉེན་ཁ་ཞིག་མཐོང་བཞིན་ཡོད་པ་རེད། འདས་བའི་ཉིན་གྲངས་༥༦་རིང་པེ་ཅིན་དུ་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་ཐོན་མེད་ནའང་ཟླ་འདིའི་ཚེས་༡༥་ཉིན་གྱི་གཞུང་འབྲེལ་སྙན་ཐོའི་ནང་པེ་ཅིན་དུ་ནད་པ་གསར་བ་༣༦་བྱུང་བ་བཀོད་ཡོད་ལ། དེ་ནི་འདས་པའི་ཉིན་གྲངས་བཞིའི་རིང་ཁྱོན་བསྡོམས་པེ་ཅིན་རང་ནས་ནད་པ་༧༩་བྱུང་བ་དང་། ད་དུང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནང་རྒྱ་ནག་བྱང་ཕྱོགས་ཀྱི་ཧུའུ་པེ་ཞིང་ཆེན་དང་ལོ་ཉིན། ལྷོ་ནུབ་ཀྱི་སི་ཁྲོན་བཅས་སུ་འབྲེལ་ཡོད་ནད་པ་བྱུང་བའི་གནས་ཚུལ་བཀོད་འདུག
པེ་ཅིན་གྲོང་ཁྱེར་དེ་དམིགས་བསལ་དུས་སྐབས་སུ་བཞག་པར་གཞུང་གིས་གསལ་བསྒྲགས་གནང་སྟེ། ཉིན་མཚན་མེད་པར་སྡོད་དམངས་ཁྲི་ཕྲག་མང་པོར་ནད་རྟགས་དེ་ཡོད་མེད་བརྟག་དཔྱད་བྱེད་བཞིན་པ་དང་། ནད་ཡམས་ཆེད་མཁས་པས་(BBC)་གསར་ཁང་ལ་བརྗོད་ན། པེ་ཅིན་ནས་ཐེངས་འདིར་ནད་ཡམས་འགོས་ཁྱབ་ཀྱི་རྐྱེན་རྩ་ཤེས་རྟོགས་བྱུང་མེད་ཟེར། གང་ལྟར་པེ་ཅིན་དུ་ཡང་བསྐྱར་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་བྱུང་བ་དེར་རྒྱ་ནག་གཞུང་གིས་སེམས་ཁྲལ་བྱེད་བཞིན་པ་དང་། མིག་སྔར་ནད་ཡམས་སྟངས་འཛིན་གནས་སྟངས་ཚབས་ཆེན་ཡིན་ནའང་སྔོན་འགོག་ལས་དོན་དེ་ཁ་གསལ་མིན་པ་གནས་ཚུལ་ནང་བཀོད་འདུག
རྒྱ་ནག་ནི་དེང་ཐོག་ཆེས་སྔ་ཤོས་སུ་ཏོག་དབྱིབས་ནད་དུག་བྱུང་སའི་རྒྱལ་ཁབ་དེ་ཡིན་ཞིང་། ནད་འབུ་དེ་ཐོག་མར་མཆེད་ཁུལ་ཝུའུ་ཧན་ཐེ་བའི་ས་ཁུལ་གཞན་པ་ནས། ཕྱི་ཟླ་གསུམ་པའི་མཇུག་ཙམ་ནས་བཟུང་ཐོག་མར་ནད་ཡམས་དེར་སྟངས་འཛིན་ཐུབ་ཡོད་ཚུལ་དང་། ཞིང་ཆེན་གཞན་པའི་ནང་ནད་པ་གསར་བ་བྱུང་མེད་པ་རྒྱ་ནག་གཞུང་གིས་བརྗོད་བཞིན་ཡོད་ཀྱང་རྗེས་སུ་རྒྱ་ནག་གཞུང་གིས་ནད་པའི་གྲངས་ཀ་དང་། ནད་ཡམས་ཀྱི་ཐོག་མའི་གནས་ཚུལ་སོགས་སྦས་གསང་བྱས་ཡོད་པ་ཕྱི་ཕྱོགས་ནས་རྒྱལ་ཁབ་མང་པོས་སྐྱོན་བརྗོད་བྱེད་བཞིན་པ་རེད།
དེ་བཞིན་ད་ལོའི་ཕྱི་ཟླ་གསུམ་པ་ནས་མཚོ་སྔོན་དང་། སི་ཁྲོན་སོགས་བོད་ཁུལ་དུའང་ནད་ཡམས་དེ་བྱུང་བའི་ནད་པ་ཐོན་པའི་ཁྲོད། སྐབས་དེར་སི་ཁྲོན་ཁོངས་ཀྱི་ཁམས་རྟའུ་རྫོང་ཁུལ་ཚབས་ཆེ་ཤོས་ཡིན་ཞིང་། ནད་པ་བཅུ་ཕྲག་ཁ་ཤས་བྱུང་ཡོད་ཀྱང་། རིམ་གྱིས་གནས་ཚུལ་ནང་ནད་པ་དེ་དག་གི་ནད་གཞི་དྲག་བསྐྱེད་བྱུང་བའི་གནས་ཚུལ་གཞུང་འབྲེལ་གསར་འགྱུར་ཁག་ནང་རིམ་པས་སྤེལ་ཡོད།
གང་ལྟར་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་དེ་རྗེས་སུ། འཛམ་གླིང་ཐོག་ཁྱབ་གདལ་བྱུང་ནས་ཨ་མི་རི་ཀ་ཐེ་བའི་རྒྱལ་ཁབ་མང་པོའི་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེན་ཐེབས་པ་དང་། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་བའི་མི་གྲངས་ས་ཡ་བརྒྱད་ཙམ་དང་། མི་གྲངས་འབུམ་བཞི་དང་ཁྲི་གསུམ་ལྷག་གི་ཚེ་སྲོག་ཤོར་བ་མ་ཟད། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་གནས་སྟངས་མུ་མཐུད་དུ་ཛ་དྲག་ངང་གནས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།