ཞི་ཅིན་ཕིང་གིས་ས་མཚམས་ས་ཁུལ་གཅིག་སྒྲིལ་གྱི་ལས་དོན་ཐད་གཙོ་ཤུགས་འདོན་དགོས་པ་བརྗོད་འདུག

2021.07.23
ཞི་ཅིན་ཕིང་གིས་ས་མཚམས་ས་ཁུལ་གཅིག་སྒྲིལ་གྱི་ལས་དོན་ཐད་གཙོ་ཤུགས་འདོན་དགོས་པ་བརྗོད་འདུག ཞི་ཅིན་ཕིང་ཡར་ཀླུང་གཙང་པོའི་བརྒྱུད་དུ། ༧།༢༡།༢༡
དྲ་བཤུས། /CCTV

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཟའ་ལྷག་པ་དང་ཕུར་བུར་ཀོང་པོ་དང་ལྷ་སར་བསྐྱོད་སྐབས་ས་མཚམས་ཁུལ་གྱི་འཛུགས་བསྐྲུན་དང་བརྟན་ལྷིང་ཁོར་ཡུག་སྲུང་སྐྱོབ། ས་མཚམས་ས་ཁུལ་གཅིག་ཏུ་སྒྲིལ་བའི་ལས་དོན་ཐད་གཙོ་ཤུགས་འདོན་དགོས་པ་བརྗོད་འདུག
ཞི་ཅིན་ཕིང་ལྟ་སྐོར་བྱ་ཡུལ་ཀོང་པོ་ཉིང་ཁྲིའི་ས་ཁུལ་རྒྱ་གར་དང་བོད་ཀྱི་ས་མཚམས་ས་ཁུལ་ཞིག་ཡིན་པར་བརྟེན། རྒྱ་གར་དང་རྒྱ་ནག་གཉིས་ཀས་ས་ཁུལ་འདི་ནི་དམག་དོན་འཐབ་བྱུས་ཀྱི་གནད་འགག་ཆེ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གི་ངོས་ནས་འདས་པའི་ལོ་ཤས་རིང་རྒྱ་གར་ཨ་རུ་ན་ཅཱལ་མངའ་སྡེ་དང་ས་འབྲེལ་འཁེལ་བའི་བོད་ནང་གི་ས་མཚམས་ཀྱི་ས་ཁུལ་མང་དག་ཞིག་རྒྱ་སྐྱེད་ཆེན་པོའི་ཐོག་འཛུགས་བསྐྲུན་བྱེད་བཞིན་ཡོད་ལ། རྒྱ་གར་གྱི་ངོས་ནས་ཀྱང་ས་མཚམས་ས་ཁུལ་གྱི་འཛུགས་བསྐྲུན་ལས་གཞི་རྒྱ་བསྐྱེད་གཏོང་རྒྱུའི་ལས་འཆར་མང་པོ་ཞིག་སྤེལ་མུས་ཡིན་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས། ཞི་ཅིན་ཕིང་ཀོང་པོ་དང་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་པ་དེ་ནི་རྒྱ་ནག་གི་དམག་དོན་འཐབ་བྱུས་ཀྱི་མཚོན་དོན་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་། རྒྱ་ནག་དབུས་དམར་ཤོག་རྒྱུན་ལས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་། དབུས་དམག་དོན་ལྷན་ཚོགས་ཀྱི་ཚོགས་གཙོ། རྒྱ་ནག་གི་སྲིད་འཛིན་བཅས་གོ་གནས་གཅིག་ལྕོགས་ཡོད་མཁན་ཞིག་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ས་ཁུལ་སྤྱི་དང་། ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་པ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་པ་བཀོད་སྤེལ་བྱས་འདུག་ཅིང་། ལྷ་སར་ཕྱི་ཚེས་༢༣་ཉིན་གྱི་ལས་རིམ་གྱི་ཁོངས་སུ་ཞི་ཅིན་ཕིང་ལྷ་སའི་ཉེ་འདབ་ཀྱི་གདན་ས་འབྲས་སྤུངས་དགོན་དང་། ལྷ་སའི་བར་སྐོར། རྩེ་ཕོ་བྲང་ཐང་ཆེན་སོགས་སུ་བསྐྱོད་འདུག དེ་བཞིན་མང་ཚོགས་དཀྱུས་མ་དང་བསམ་ཚུལ་བརྗེ་རེས་བྱས་ལུགས་བཀོད་འདུག་ཀྱང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ཀྱི་རྒྱལ་ས་ལྷ་ས་ནས་གནས་ཚུལ་མཁོ་སྤྲོད་པ་ཚོས་བརྗོད་པར་གཞིགས་ན། ཞི་ཅིན་ཕིང་ཆེས་གསང་རྒྱ་དམ་པོའི་འོག་ལྷ་སར་སླེབས་པ་དང་། མ་སླེབས་པའི་ཉིན་གྲངས་འགའ་ཤས་སྔོན་ནས་ལྷ་སའི་ཁུལ་དུ་དམ་དྲག་ཧ་ཅང་ཆེན་པོ་བཟོས་པར་མ་ཟད། མི་སེར་དཀྱུས་མ་ཚོའི་འགྲོ་འདུག་གི་བྱ་སྤྱོད་ལ་སྟངས་འཛིན་ཤུགས་ཆེ་བྱས་འདུག
ཁོང་གིས་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་ནས། བོད་མི་ཚོ་དམར་ཤོག་ཚོགས་པའི་རྗེས་སུ་འབྲངས་དགོས་བ་དང་། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཤར་བསྐྱོད་བྱས་ཚེ་རྒྱ་ནག་བསྐྱར་དར་གྱི་ལས་དོན་འགྲུབ་ཐུབ་རྒྱུ་ཡིན་པ་སྨོས་མེད་རེད་ཅེས་གཏམ་བཤད་སྤེལ་ཡོད་འདུག
ད་དུང་ཚེས་༢༣་ཉིན་ཞི་ཅིན་ཕིང་གིས་བོད་ནང་བཅའ་སྡོད་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དཔུང་གི་འཐུས་མི་དང་ཐུག་འཕྲད་བྱས་ཤིང་། དུས་རབས་གསར་པའི་ནང་གི་དམག་འཐབ་བྱེད་སྟངས་དང་བོད་ཡུན་རིང་བརྟན་ལྷིང་ཡོང་ཐབས་ལ་ཤུགས་སྣོན་རྒྱག་དགོས་པ་བརྗོད་འདུག འདི་ནི་ད་རེས་ཞི་ཅིན་ཕིང་བོད་ལ་བསྐྱོད་པའི་དམིགས་ཡུལ་གཙོ་བོའི་གྲས་ཤིག་ཡིན་པར་མ་ཟད། རྒྱ་དཀར་ནག་གཉིས་ཀྱིས་བོད་ཀྱི་ས་མཚམས་ཁུལ་དུ་འཁོན་འཁྲུག་གི་གནད་དོན་གལ་འགངས་ཆེན་པོར་བརྩིས་བ་དང་། དམག་དོན་ནུས་ཤུགས་གོང་འཕེལ་ཐད་ཤུགས་སྣོན་རྒྱག་གི་ཡོད་པ་མངོན་ཆེད་ཡིན་པར་རྒྱ་གར་གྱི་དམག་དོན་དབྱེ་ཞིབ་པ་ཁག་ཅིག་གིས་བརྗོད་བཞིན་འདུག ཉིན་དེར་རང་སྐྱོང་ལྗོངས་ཟེར་བའི་ལས་དོན་སྙན་ཞུ་བྱས་པའི་སྐབས། ཞི་ཅིན་ཕིང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཁ་བྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་སློབ་གསོ་མུ་མཐུད་སྤེལ་དགོས་པ་ནན་བརྗོད་བྱས་འདུག་ལ། འདིའི་ཐོག་ནས་བོད་ནང་གདུག་རྩུབ་ཀྱི་སྲིད་བྱུས་མུ་མཐུད་དུ་ལག་བསྟར་དང་ཚད་མཐོ་རུ་གཏོང་རྒྱུ་མ་ཟད། བོད་མིའི་ངོ་བོ་རྩ་མེད་གཏོང་བའི་སྲིད་ཇུས་བརྟན་དུ་གཏོང་རྒྱུའི་རྣམ་འགྱུར་གསལ་པོར་བསྟན་པ་ཡིན་པ་བོད་གནས་མཁས་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
དེ་སྔ་༢༠༡༡་ལོར་ཞི་ཅིན་ཕིང་སྲིད་འཛིན་གཞོན་པ་ཡིན་པའི་སྐབས་ལྷ་ས་ཡོང་ནས། སྐབས་་དེར་རྒྱལ་ཁབ་གཅིག་སྒྲིལ་དང་བོད་ནང་བརྟན་བརླིང་ལ་གནོད་གཞིའི་རིགས་ལ་ངོ་རྒོལ་དང་། ཏཱ་ལའི་ཁ་བྲལ་ལས་འགུལ་ལ་རྡུང་རྡེག་གིས་རྩ་མེད་བཟོ་དགོས་སྐོར་བརྗོད་ཡོད་འདུག
ཞི་ཅིན་ཕིང་རྒྱ་ནག་གི་ཧའེ་ནན་ཞིང་ཆེན་ནང་ཆུ་ལོག་ཤུགས་ཆེན་རྒྱུག་པའི་རྐྱེན་གྱིས་མི་རྒྱུ་གཉིས་ལ་གོད་ཆགས་ཚབས་ཆེ་ཕོག་པའི་ས་གནས་ཁག་ཏུ་བསྐྱོད་རྒྱུའི་ཚབ་ཏུ་བོད་དུ་བསྐྱོད་པ་དེར་རྒྱ་ནག་རྒྱལ་ནང་དང་། ལྷག་པར་དུ་རྒྱལ་སྤྱིའི་ནང་གི་བོད་ཀྱི་གནད་དོན་ཉམས་ཞིབ་པ་ཚོས་དོགས་འདྲི་ཆེན་པོ་བྱེད་བཞིན་ཡོད་པ་རེད།
འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནང་རྟེན་གཞི་བྱས་བའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ད་རེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གསང་རྒྱ་ཆེན་པོའི་སྒོ་ནས་བོད་ནང་ཡོང་བ་དེས་བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་གི་ཚོར་བ་རྣོ་པོར་བརྩིས་པ་དང་། རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་བྱས་བ་དེ་བོད་མི་རྣམས་ཀྱིས་ཁྲིམས་མཐུན་ངོས་ལེན་བྱེད་མིན་རྒྱ་ནག་གི་དཔོན་རིགས་ཚོར་མནོང་དྭོགས་ཡོད་པ་མངོན་གསལ་བསྟན་པ་ཡིན་སྐོར་འགྲེལ་བརྗོད་གནང་བའི་གནས་ཚུལ་སྤེལ་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས། སེང་གེ་རི་བསོད་ནསམ་ལྷ་མོ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎