ཤིན་ཅང་ནང་མ་འོངས་ཕྲུ་གུ་བཙའ་བའི་གྲངས་འབོར་ལྡབ་གྱུར་གྱིས་ཉུང་དུ་འགྲོ་སྲིད་པ།

2021-06-08
Share
ཤིན་ཅང་གི་ཁཱ་ཤི་སྒར་(Kashgar)་ནང་བུད་མེད་ཞིག་གིས་བྱིས་པ་ཁྲིད་ནས་བསྐྱོད་བཞིན་པ། ༼ཟླ་ཚེས་མི་གསལ
PHOTONONSTOP

རྒྱ་ནག་གཞུང་གིས་ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་ནང་སྤེལ་བཞིན་པའི་སྲིད་ཇུས་འོག་ཤིན་ཅང་ནང་མ་འོངས་ཕྲུ་གུ་བཙའ་བའི་གྲངས་འབོར་ལྡབ་གྱུར་གྱིས་ཉུང་དུ་འགྲོ་སྲིད་པའི་སྙན་ཐོ་བཏོན་འདུག
རྒྱ་ནག་གཞུང་གིས་ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་ནང་ཡུ་གུར་ཁ་ཆེ་བའི་མི་འབོར་ཉུང་དུ་གཏོང་རྒྱུའི་དམིགས་ཡུལ་འཛིན་བཞིན་པ་དེའི་དབང་གིས། མངའ་ཁུལ་དེའི་ནང་མ་འོངས་པའི་ལོ་ངོ་བཅུ་ཕྲག་གཉིས་ནང་ཡུ་གུར་བའི་ཕྲུ་གུ་ས་ཡ་བཞི་ཙམ་ཉུང་བ་སྐྱེས་སྲིད་པ་སྙན་ཐོ་གསར་པ་ཞིག་བཏོནགི་ནང་བཀོད་གནང་ཡོད་པ་རེད་འདུག
དེ་ཡང་ཇར་མན་གྱི་ཞིབ་འཇུག་པ་སྐུ་ཞབས་(Adrian Zenz)་ཡིས་ཞིབ་འཇུག་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་གཞུང་གི་ཡིག་ཆ་ཁག་ཞིབ་འཇུག་གནང་བའི་འབྲས་བུར། རྒྱ་ནག་གཞུང་གིས་ཤིན་ཅང་ནང་ངོ་རྒོལ་གྱེན་ལངས་ཀྱི་དཀའ་རྙོག་དེ་དག་ཡུ་གུར་མི་རིགས་མི་གྲངས་མང་བའི་དབང་གིས་ཡིན་པར་ངོས་འཛིན་གྱིས། ཉེན་འཚབ་དེ་ཉུང་དུ་གཏོང་རྒྱུར་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་ཀྱི་མི་གྲངས་ཉུང་དུ་གཏོང་ཐབས་ཀྱི་སྲིད་བྱུས་འཛིན་བཞིན་པའི་སྐོར་བཀོད་འདུག
དེ་བཞིན་སྐུ་ཞབས་(Adrain Zenz)་ཡིས་ཤིན་ཅང་ནང་གཏེར་ཁ་སོགས་དཀོན་པའི་དབང་གིས། རྒྱ་ཧན་མི་རིགས་ཕོན་ཆེན་གནས་སྤོ་བྱེད་པའི་མཐུན་རྐྱེན་སྦྱོར་སྤྲོད་ཐུབ་ཐབས་མེད་སྟབས། མངའ་ཁུལ་དེའི་ཡུ་གུར་བའི་མི་འབོར་ཉུང་དུ་གཏོང་རྒྱུའི་ཐབས་ལམ་ལས་རྒྱ་ནག་གཞུང་ལ་ཐབས་ལམ་གཞན་རག་མེད་པ་དང་། རྒྱ་ནག་གཞུང་གིས་ཤིན་ཅང་ནང་གི་ཡུ་གུར་བའི་མི་འབོར་ཉུང་དུ་གཏོང་རྒྱུའི་སྲིད་བྱུས་དེས། མངའ་ཁུལ་དེར་རྒྱ་ཧན་གྱི་མི་འབོར་དེ་བརྒྱ་ཆ་བརྒྱད་ལྷག་ཙམ་ནས་བརྒྱ་ཆ་ཉི་ཤུ་རྩ་ལྔ་བར་སྤར་ཆ་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད་འདུག
ཉེ་སྔོན་རྒྱ་ནག་གཞུང་གིས་རྒྱ་ནག་ནང་བཟའ་ཚང་གཅིག་ནང་ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་བྱུས་གཏན་འབེབས་ལས་ལྡོག་ཤིན་ཅང་གི་མངའ་ཁུལ་ནང་ཕྲུ་གུ་མང་བ་བཙའ་མི་ཆོག་པའི་ཚབ་ཏུ་བཙན་དབང་ཐོག་སྐྱེས་སྒོ་བཀག་པ་དང་། ཕྲུ་གུ་མང་པོ་བཙའ་བ་ཡིན་ན་བཙོན་འཇུག་གི་ཉེས་ཆད་བཀལ་བའི་གནས་ཚུལ་བྱུང་དང་བྱུང་མུས་ཡིན་པ་རེད།
གཞན་ཡང་ཨོསི་ཀྲི་ལི་ཡའི་(Australian Strategic Policy Institute)་ཞེས་པའི་ཞིབ་འཇུག་ཚན་པ་དེས་ཞིབ་འཇུག་གནང་བའི་འབྲས་བུར། ཤིན་ཅང་ནང་ཕྱི་ལོ་༢༠༡༧་ནས་ཕྱི་ལོ་ ༢༠༡༩་བར་ཕྲུ་གུ་བཙའ་བའི་གྲངས་འབོར་དེ་ཧ་ལམ་ཕྱེད་ཀ་བར་ཉུང་དུ་ཕྱིན་པ་དང་། གནས་ཚུལ་དེ་ནི་རྒྱ་ནག་ཁྱོན་ཡོངས་ནང་ཙམ་མ་ཟད། འཛམ་གླིང་ཐོག་ཕྱི་ལོ་༡༩༥༠་ལོ་ནས་ད་བར་བྱུང་མྱོང་མེད་པའི་ཕྲུ་གུ་བཙའ་བའི་གྲངས་འབོར་དེ་ཉུང་ཤོས་ཆགས་ཡོད་པ་ངོས་འཛིན་བྱས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།