རྒྱ་ནག་གཞུང་གིས་ཡ་ཆེན་ཆོས་སྒར་གྱི་བཙུན་མའི་སྡོད་ཤག་མང་པོ་བཏོར་བཞིན་འདུག

2019-07-26
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གཞུང་གིས་ཡ་ཆེན་ཆོས་སྒར་གྱི་བཙུན་མའི་སྡོད་ཤག་བཏོར་བཞིན་པ། ༢༠༡༩།༧།༡༩
རྒྱ་ནག་གཞུང་གིས་ཡ་ཆེན་ཆོས་སྒར་གྱི་བཙུན་མའི་སྡོད་ཤག་བཏོར་བཞིན་པ། ༢༠༡༩།༧།༡༩
བོད་འབྱོར།/RFA
དབྱིན་སྐད་སྡེ་ཚན་གྱིས་སྤེལ་བའི་གནས་ཚུལ།

རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་བཙུན་མའི་སྡོད་ཤག་མང་པོ་གཏོར་བཤིག་བཏང་ནས་ཤིང་ཆ་ཚང་མ་འོར་འདྲེན་གྱིས་མེར་སྲེག་གཏོང་བཞིན་འདུག
དེ་ཡང་ཟླ་བ་འདིས་ཕྱི་ཚེས་༡༩་ཉིན་ས་བརྐོ་རྡོ་སློག་སོགས་བྱེད་སྤྱད་ཀྱི་འཕྲུལ་འཁོར་ལྔ་བཅུ་ཙམ་ཡ་ཆེན་སྒར་ལ་ཡོང་ནས་བཙུན་མའི་སྡོད་ཤག་བརྒྱ་ཕྲག་ཁ་ཤས་གཏོར་བཤིག་བཏང་བ་མ་ཟད། ཁང་བའི་ཤིང་ཆ་ཚང་མ་འོར་འདྲེན་གྱིས་མེར་སྲེག་གཏོང་བཞིན་པ་དང་། བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་དོན། ཡ་ཆེན་ཆོས་སྒར་ནས་ད་ལོར་ཕྱིར་ཕུད་བཏང་ཟིན་པའི་དགེ་འདུན་པ་དང་། བཙུན་མ་རྣམས་སོང་ཤུལ་དུ་ད་བར་ཁོང་ཚོའི་གྲྭ་ཤག་ལ་རྒྱལ་ཁབ་ཀྱི་སྒོ་ལྕགས་རྒྱབ་ནས་བཞག་ཡོད་པ་དང་། ༢༠༡༩་ལོའི་ཟླ་༧་ཚེས་༡༩་ཉིན་ས་བརྐོ་རྡོ་སློག་བྱེད་སྤྱད་སོགས་འཕྲུལ་འཁོར་ལྔ་བཅུ་ཙམ་ཡ་ཆེན་སྒར་དུ་ཡོང་ནས་བཙུན་མའི་གྲྭ་ཤག་བརྒྱ་ཕྲག་ཁ་ཤས་དངོས་སུ་གཏོར་བཤིག་གཏོང་མགོ་ཚུགས་པ་དང་། བོད་སྐད་དུ་ས་བརྐོ་ལག་རིང་ཞེས་ས་བརྐོ་བྱེད་ཀྱི་འཕྲུལ་འཁོར་༡༩་ཙམ་དང་། ས་བླུགས་བྱེད་དང་ས་ཆ་བདེ་ཐང་སྙོམས་བྱེད་ཀྱི་འཕྲུལ་ཆས་༣༠་ཙམ་བཅས་ཁྱོན་འཕྲུལ་འཁོར་ལྔ་བཅུ་ཙམ་གྱིས་གཏོར་བཤིག་བཏང་སོང་། ཕྱི་ཚེས་༢༠་ཉིན་ནས་བཟུང་དོ་བསྐྱེལ་རླངས་འཁོར་༣༠་ནས་༥༠་ཙམ་གྱིས་གཏོར་གཤིག་བཏང་ཟིན་པའི་གྲ་ཤག་གི་ཤིང་ཆ་རྣམས་འོར་འདྲེན་གྱིས་ས་གནས་དེ་གའི་གནས་ཐ་ཡུལ་མཚོའི་སྐྱིད་འདུས་ཞེས་བའི་སར་བརྩིགས་ནས་མེར་སྲེག་གཏོང་བཞིན་འདུག་ཅེས་ངོ་སྤྲོད་གནང་བྱུང་།
གནས་ཚུལ་ངོ་སྤྲོད་པས་བརྗོད་ན། སྡོད་ཤག་གཏོར་བཤིག་སོགས་ཀྱི་ལས་ཀ་བྱེད་མཁན་ཚོ་ཡ་ཆེན་སྒར་མཐའ་རུ་དམག་མི་སྡོད་ས་ཞིག་ཡོད་པ་དེར་ཞག་སྡོད་དང་། འཕྲུལ་ཆས་ཚང་མའི་མཐར་རུ་ལྕགས་ར་བསྐོར་ནས་བཞག་ཡོད་འདུག་ལ་གནས་སྐབས་རིང་བཙུན་མའི་སྡོད་ཤག་གཏོར་བཤིག་གཏོང་བཞིན་ཡོད་པ་དང་རིམ་པས་དགེ་འདུན་པའི་གྲྭ་ཤག་གཏོར་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།
ཁོང་གིས་མུ་འཐད་དུ་བརྗོད་དོན། ཡ་ཆེན་ཆོས་སྒར་གྱི་ལས་གནས་བ་རྣམས་ཀྱིས་ད་བར་དུ་གཙོ་བོ་ཆོས་སྒར་འདིས་རྐྱེན་ངན་གོད་ཆགས་ལྡོག་ཐབས་ལ་འབད་པ་བྱས་ཡོད་པ་དང་། རྒྱལ་ཁབ་ཀྱི་ལས་ཁུངས་ཆེ་ཕྲ་ཆུང་གསུམ་ཚང་མར་སྙན་ཞུ་ཐེངས་བཞི་བཅུ་ལྷག་ཕུལ་ནས་རེ་ཞུ་བྱས་ཡང་གྲུབ་འབྲས་ཐོན་མེད་པ་མ་ཟད། ད་དུང་དགོན་པའི་ལས་གནས་བ་རྣམས་དངོས་སུ་རྒྱལ་ཁབ་ཀྱི་ལས་ཁུངས་སུ་སོང་ནས་རེ་ཞུ་བྱས་པའི་སྐབས་སུ། གདོང་ལ་མཛུབ་མོ་བཙུགས་ནས་སྡུག་དམོད་བྱེད་པ་མ་ཟད། འགྲམ་ལྕག་བཞུས་བའི་གནས་ཚུལ་ཀྱང་བྱུང་མྱོང་ཡོད་པ་རེད་འདུག
ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ནི། སྤྱི་ལོ་༡༩༨༤་ལོར་ཨ་ཁྱིག་གྲུབ་དབང་འཇམ་དབྱངས་ལུང་རྟོགས་རྒྱལ་མཚན་མཆོག་གིས་ཕྱག་བཏབ་པ་དང་། གསེར་རྟ་བླ་རུང་སྒར་དང་འདྲ་བར་བོད་མི་སེར་སྐྱ་དབྱེར་མེད་ཀྱིས་ནང་ཆོས་ལ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་གནང་སའི་བསྟི་གནས་ཆེན་པོ་ཞིག་ཡིན། དགོན་གནས་དེ་གར་གཏན་སྡོད་གནང་མཁན་སློབ་གཉེར་བ་ཁྱོན་བསྡོམས་ཆིག་ཁྲི་ལྷག་ཡོད་པ་ཚོད་དཔག་བྱེད་བཞིན་པ་རེད།
ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་གྱི་ཚད་གཞི་གཏན་འབེབས་བྱས་རྗེས། རིམ་པས་གྲྭ་ཤག་གཏོར་བཤིག་བཏང་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།