ཞི་རྒོལ་ལ་དོགས་ནས་སློབ་མ་ཚོ་གུང་སེང་བཏང་འདུག

ཉེ་ལམ་མདོ་སྨད་ཡ་རྫི་རྫོང་རྐང་ཚ་དགོན་པའི་ནང་བསྔོ་སྨོན་མཆོད་འབུལ་དང་། གཅན་ཚ་རྫོང་དུ་སློབ་མས་ཞི་བའི་ངོ་རྒོལ་བྱེད་འཆར་ལ་དོགས་ནས་ཁུལ་དེའི་སློབ་གྲྭ་ཁག་གཅིག་གུང་སེང་བཏང་འདུག

2012.11.14

འདི་གར་གནས་ཚུལ་འབྱོར་དོན། ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་ཡ་རྫི་རྫོང་རྐང་ཚ་དགོན་དགའ་ལྡན་ཆོས་འཕེལ་གླིང་དུ། དགོན་པའི་གྲྭ་བ་དང་ས་གནས་རྒན་གཞོན་ཕོ་མོ་ ༡༠༠ ཡས་མས་འདུ་འཛོམས་ཐོག ༧གོང་ས་མཆོག་གི་སྐུ་པར་མདུན་དུ་མཆོད་མེ་ཕུལ་ཏེ། རྒྱལ་གཅེས་པ་རྣམས་ལ་མྱ་ངན་ཆེད་བསྔོ་སྨོན་གསུངས་བ་དང་། རྒྱལ་བའི་ཞབས་བརྟན་སྨོན་ལམ་གསུངས་འདུག

སྐབས་དེར། རྒན་རྒོན་ཚོས་རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་ནང་བོད་མི་མང་པོས་རང་ལུས་མེར་བསྲེཊ་གནང་བཞིན་པ་དང་། ཡུན་རིང་༧གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་རྒྱུའི་སྐལ་བ་མ་བྱུང་བ་བཅས་ཀྱི་སེམས་གདུང་བས་མནར་ཏེ། ༧གོང་ས་མཆོག་གི་སྐུ་པར་གྱི་མདུན་དུ་སྨྲེ་ངག་འདོན་པའི་གནས་ཚུལ་བྱུང་འདུག

གཞན་ཡང་། ཉིན་དེའི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༥།༠༠ ཡས་མས་སུ་བོད་མདོ་སྨད་རྨ་ལྷོ་གཅན་ཚ་རྫོང་སློབ་འབྲིང་གཉིས་པའི་སློབ་མ་རྣམས་ཀྱིས། “ རང་བཙན་རང་བདག་དགོས། མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། ”ཞེས་འབོད་ཚིག་བཀོད་པའི་འཕྲེད་དར་དང་༧གོང་ས་མཆོག་གི་སྐུ་པར་སོགས་གྲྭ་སྒྲིག་གིས་རྫོང་ཐོག་ཏུ་ཡར་ལངས་བྱེད་རྒྱུའི་གྲ་སྒྲིག་བྱེད་སྐབས། རྒྱ་གཞུང་གིས་ས་གནས་སུ་ཆམ་ནད་ཅིག་ཁྱབ་འགྲོ་བཞིན་པར་ཁ་གཡར་ཏེ། དེ་མ་ཐག་སློབ་གྲྭ་ཁག་ཡོངས་རྫོགས་ཉིན་ ༡༠ གུང་གསེང་བཏང་ཡོད་པ་མ་ཟད། འཛིན་བདག་དགེ་རྒན་གྱིས་བ་ཡན་རྫོང་དང་རྫོང་ཁག་གཞན་ནས་ཡོང་བའི་སློབ་མ་ཚོ་རེ་རེ་བཞིན་རླངས་འཁོར་བབས་ཚིགས་སུ་བསྐྱལ་ཡོད་པ་དང་། གཙན་ཚ་རྫོང་གི་སློབ་མ་ཚོའི་ཁྱིམ་བདག་སྐད་བཏང་སྟེ་སློབ་མ་རང་རང་གི་ནང་མིར་རྩིས་སྤྲོད་བྱས་ཡོད་འདུག

ཉེ་བའི་ཆར་བོད་ནང་གི་བླ་བྲང་བསང་ཆུ་དང་། མདོ་སྨད་རེབ་གོང་ས་ཁུལ་བཅས་སུ་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་རྗེས། བོད་ནང་གི་སློབ་གྲྭ་ཆེན་མོ་ཁག་ཏུ་དམ་དྲག་བྱས་ཏེ། སློབ་མ་རྣམས་སློབ་གྲྭའི་ཕྱི་ཕྱོགས་སུ་འགྲོ་མི་ཆོག་པར་བཟོས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎