རྒྱ་གར་གྱི་གསར་འགོད་པ་ཚོར་མང་གཙོའི་ཁེ་དབང་ལོངས་སྤྱོད་དང་རང་དབང་ཡོད་ཟེར།


2020-10-08
Share
རྒྱ་གར་གསར་ཁང་གིས་ཐེ་ཝན་གྱི་རྒྱལ་སྟོན་ཁྱབ་བསྒྲགས་དང་ཐེ་ཝན་ཕྱི་སྲིད་ལྷན་ཁང་གི་(Twitter)དྲ་ངོས། ད་དུང་རྒྱ་ནག་གཞུང་ཚབ་ཁང་གི་ཡིག་གེའི་ངོ་བཤུས་བཅས། ༡༠།༨།༢༠༢༠ རྒྱ་གར་གསར་ཁང་གིས་ཐེ་ཝན་གྱི་རྒྱལ་སྟོན་ཁྱབ་བསྒྲགས་དང་ཐེ་ཝན་ཕྱི་སྲིད་ལྷན་ཁང་གི་(Twitter)དྲ་ངོས། ད་དུང་རྒྱ་ནག་གཞུང་ཚབ་ཁང་གི་ཡིག་གེའི་ངོ་བཤུས་བཅས། ༡༠།༨།༢༠༢༠
པར་བཤུས་དང་སྒྲིག་བཟོ།

རྒྱ་ནག་གཞུང་ཚབ་ཁང་གིས་ཐེ་ཝན་གྱི་གནད་དོན་དང་འབྲེལ་ནས་རྒྱ་གར་གྱི་གསར་འགོད་པ་ཚོར་གནོན་ཤུགས་སྤྲད་པའི་བྱ་སྤྱོད་ཐད་ཐེ་ཝན་ཕྱི་སྲིད་བློན་ཆེན་མཆོག་གིས་སྐྱོན་བརྗོད་གནང་འདུག
རྒྱ་གར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་ལ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྩ་འཛིན་བྱས་ནས་གསར་འགྱུར་བཀོད་དགོས་ལུགས་ཀྱི་གནོན་ཤུགས་སྤྲད་པའི་རྒྱ་ནག་གི་བྱ་སྤྱོད་ལ་ཐེ་ཝན་ཕྱི་སྲིད་བློན་ཆེན་མཆོག་གིས་སྐྱོན་བརྗོད་གནང་འདུག
དེ་ཡང་སྤྱི་ཟླ་བཅུ་པའི་ཚེས་༡༠་ཉིན་དེ་ནི་ཐེ་ཝན་དབུ་བརྙེས་ནས་མི་ལོ་༡༠༩་འཁོར་བའི་རྒྱལ་སྟོན་གྱི་ཉིན་མོ་འཁེལ་གྱི་ཡོད་སྟབས། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཡི་གེ་ཞིག་བཏང་ཡོད་པ་དེའི་ནང་། འཛམ་གླིང་དེའི་ནང་རྒྱ་ནག་གཅིག་ཡོད་པ་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པ་དང་། ཐེ་ཝན་དེ་བཞིན་རྒྱ་ནག་ནས་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། དེ་བས་ཐེ་ཝན་གྱི་དབུ་ཁྲིད་ཚའེ་ཨིང་ཝིན་(Tsai Ing-Wen)ལ་ཐེ་ཝན་གྱི་སྲིད་འཛིན་ཞེས་འབོད་ན་འགྲིག་རྒྱུ་མིན་པའི་ཉེན་བརྡ་བཏང་འདུག
གནད་དོན་དེའི་ཐད་འདི་ཚེས་༨་ཉིན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་(Joseph Wu ཡིས། རྒྱ་ནག་གཞུང་གིས་འཛམ་གླིང་ནང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཀྱི་གསོན་ཉམས་ལྡན་པའི་གསར་ཤོག་དང་རང་དབང་ལ་དགའ་བའི་མི་མང་ཀྱི་རང་དབང་ཐོག་དམ་དྲག་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་པའི་གནས་སྟངས་དེར། ཐེ་ཝན་གྱི་གྲོགས་པོ་རྒྱ་གར་བ་ཚོས་རྒྱ་ནག་ལ་ལན་གཅིག་རང་ཡོད་པ་དེ་བྱུས་གཏོགས་མ་བྱེད་ཞེས་བརྗོད་རྒྱུ་ཡིན་པ་རེད་ཅེས་ཁོང་གི་(Twitter)དྲ་རྒྱ་བརྒྱུད་རྒྱ་ནག་གི་བྱེད་ཕྱོགས་ལ་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་རྒྱ་གར་གྱི་གསར་ཁང་(Deccan Herald)གི་ཕྱི་འབྲེལ་གནད་དོན་གྱི་རྩོམ་སྒྲིག་པ་སྐུ་ཞབས་(Anirban Bhaumik)ལགས་ཀྱིས་དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། རྒྱ་ནག་ལྟ་བུར་མཚོན་ན། གསར་འགྱུར་བརྒྱུད་ལམ་ཡོངས་རྫོགས་གཞུང་གིས་སྟངས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་དང་གསར་འགོད་པ་ཚོ་གོང་ཞུས་རྒྱ་ནག་ལྟར་མིན་པར་རང་དབང་ཡོད་ལ། རྒྱ་གར་གྱི་གསར་འགོད་པ་ཚོ་ནི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་བཞིན་ལས་ཀ་བྱེད་པ་ལས་གཞུང་གི་ལྟ་སྤྱོད་གཅིག་པུ་དང་མཐུན་ནས་འགྲོ་མཁན་ཞིག་མིན་པ་རྒྱ་ནག་གཞུང་གིས་ངེས་པར་དུ་ཤེས་རྟོགས་དགོས་ཅེས་དང་། ད་རེས་རྒྱ་ནག་གཞུང་ཚབ་ཁང་གིས་བཏང་བའི་ཡིག་གེ་འདི་ནི་ཆོ་མེད་དང་དགོད་བྲོ་བའི་གནས་སྟངས་ཤིག་ཡིན་པ་འགྲེལ་བརྗོད་གནང་སོང་།
དེ་བཞིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་(Wion)གིས་ཐེ་ཝན་གྱི་རྒྱལ་སྟོན་ཉིན་མོའི་སྐོར་རྩོམ་ཡིག་ཞིག་སྤེལ་ཡོད་པ་དང་། (Indian Express)དང་(The Statesman)གསར་ཤོག་གཉིས་ནང་ཐེ་ཝན་གྱི་བཅུ་པའི་བཅུའི་རྒྱལ་སྟོན་ཉིན་མོའི་དྲིལ་བསྒྲགས་ཁག་ཅིག་བཏོན་ཡོད་པར་རྒྱ་གར་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་གོང་ཞུས་ཉེན་བརྡ་དེ་བཏང་བ་ཡིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎