མགོ་ལོག་པདྨ་ཕྱོཊ་སུ་དམ་དྲག་གིས་བོད་མི་མང་པོ་བཙན་ཁྲིད་བྱས་འདུག
2014.04.29
རྒྱ་ནག་གིས་མདོ་སྨད་མགོ་ལོག་པདྨ་རྫོང་ཁོངས་སུ་དམ་དྲག་དང་བོད་མི་མང་པོ་བཙན་ཁྲིད་བཀག་ཉར་བྱས་ཡོད་པ་རེད་འདུག
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་པདྨ་རྫོང་དྷི་མདའ་ཡུལ་ཚོའི་བོད་མི་ན་གཞོན་༢༨ བཙན་ཁྲིད་བྱས་པ་དང་། མགོ་ལོག་ཁུལ་གྱི་བོད་མིའི་ཐོག་སྔར་དང་མི་འདྲ་བར་དམ་བསྒྲཌ་ཆེན་པོ་བྱེད་ཀྱི་ཡོད་པའི་སྐོར་
འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་གྱིས་གནས་ཚུལ་བཏང་དོན། རྒྱ་ནག་གི་འབྲེལ་ཡོད་ཚན་པས་གློ་བུར་མདོ་སྨད་མགོ་ལོག་ཕྱོགས་སུ་དམ་དྲག་བྱས་བཞིན་པ་དང་། གནས་སྟངས་དེའི་ཁྲོད་ཟླ་བ་འདིའི་ཚེས་༢༢ཉིན་རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་པདྨ་རྫོང་ཁོངས་ཀྱི་དྷི་མདའ་ཡུལ་ཚོའི་བོད་རིགས་ན་གཞོན་༢༨ཙམ་བཙན་ཁྲིད་བྱས་ཏེ་ཕྱིར་ནང་དུ་ལོག་མ་བཅུག་པར་དོ་དམ་བྱས་བསྡད་ཡོད་པ་དང་། ད་ཆ་ས་ཁུལ་དེའི་ནང་དམ་དྲག་་གི་དབང་གིས་ས་གནས་བོད་མི་ཚོའི་འགྲོ་སྡོད་སྤྱོད་གསུམ་ལ་བརྡབ་སིག་མང་པོ་ཞིག་གཏོང་བཞིན་ཡོད་པ་རེད། ལྷག་པར་དུ་ཉེན་རྟོག་པ་དང་དམག་མི་འབོར་ཆེན་ས་ཕྱོགས་གང་སར་འགྲེམས་འཇོག་བྱས་ཏེ་ཉིན་མཚན་ལྟོས་མེད་དུ་གང་སར་བལྟ་ཞིབ་ནན་པོ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གི་ལས་བྱེད་པ་མང་པོ་ས་གནས་ཀྱི་དགོན་པ་དང་། གྲོང་ཚོ་གཉིས་ནང་ཡོང་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་བསྟུད་མར་སྤེལ་ཞོར་ཁ་བྲལ་རིང་ལུགས་པར་ངོ་རྒོལ་བྱ་དགོས་པ་དང། རྒྱ་ནག་གུང་ཁྲན་ཏང་གི་ཁྲིམས་ལུགས་འོག་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྱལ་རྒྱུ་ཡོད་ཚུལ་སོགས་ཀྱི་འཁྱོགས་བཤད་ཀྱི་དྲིལ་བསྒྲགས་བྱེད་བཞིན་པ་མ་ཟད། ད་དུང་རྒྱ་ནག་གཞུང་གི་བཀའ་བཀོད་ལ་བརྩི་སྲུང་ཉན་འཇོག་བྱས་ཚེ་ལོ་འདིའི་ནང་རོགས་སྐྱོར་གྱི་དངུལ་མང་པོ་སྤྲོད་རྒྱུ་ཡིན་ལུགས་ཡང་བཤད་བཞིན་པ་རེད་འདུག
དེ་བཞིན་ཡང་སྤྱི་ཚེས་༢༠ཉིན་མགོ་ལོག་པདྨ་ལྕོག་རི་ཡུལ་ཚོའི་བོད་མི་མི་གྲངས་༢༦ཙམ་བཙན་ཁྲིད་བཀག་གཉེར་བྱས་ཡོད་པ་དང་། ས་གནས་བོད་མིས་ད་རེས་བཙན་ཁྲིད་བྱས་པའི་བོད་མི་ན་གཞོན་དེ་རྣམས་ལ་ནག་ཉེས་གང་ཡང་མེད་པར་ཁོང་ཚོ་ནི་ལུགས་མཐུན་གྱི་འཚོ་བ་བསྐྱལ་མཁན་ཤ་སྟག་ཡིན་པ་གསར་འགོད་པར་ངོ་སྤྲོད་བྱས་འདུག
གསར་འགོད་པ་ཉི་མ་གཡུ་སྒྲོན།