༢༠༢༤ ལོའི་བཙན་བྱོལ་དང་རྒྱལ་སྤྱིའི་ནང་གི་བོད་དོན་གནས་ཚུལ་ཆེ་ཁག
ཀ) དབུས་བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེའི་གནས་ཚུལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ལས་དོན་དང་། ཆོས་ཕྱོགས་ཀྱི་མཛད་སྒོ བོད་དོན་བདེ་སྡུག་ཞུ་གཏུག་གི་ལས་འགུལ། བཙན་བྱོལ་ནང་གི་བོད་མིའི་འཕྲོད་བསྟེན་བཅས་པར་གཟིགས་རྟོགས་དང་བོད་ཕྲུག་ཚོའི་སློབ་གྲྭའི་ཤེས་ཡོན་མུ་འཐུད་མཇུག་སྐྱོང་ཡོང་ཐབས་སོགས་ཀྱི་ཐད་ཕྱི་ནང་གི་མཐུན་རྐྱེན་ཞན་མིན་ལ་མ་བལྟོས་པར་ལས་དོན་མང་པོ་བསྒྲུབས་ཡོད་པར་བོད་མི་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད་ལ། འདས་ལོར་མཚོན་ན་ཨ་རིའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་དང་འབྲེལ་བའི་ཁྲིམས་ཡིག་ S.138 གཏན་འབེབས་གནང་པ་འདི་ནི་བོད་ཀྱི་དཀའ་རྙོག་གཉིས་མོས་ཀྱི་ལམ་ནས་མ་སེལ་གྱི་བར་རྩོད་རྙོག་ཅིག་ཏུ་ངོས་འཛིན་གནང་རྒྱུའི་གནས་བབ་ཅིག་ཏུ་གྱུར་ཡོད་པ་དང་། བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་མངའ་དབང་ལྡན་པའི་གནས་བབ་ཅིག་ཏུ་ངོས་འཛིན་གནང་ཡོད་པ་ནི་བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་ཀྱོག་མཚམས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
སྲིང་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་སྲུང་སྐྱོབ་ཀྱི་ལས་དོན་དང་། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་པའི་སྲིད་བྱུས་དྲིལ་བསྒྲགས་སོགས་དང་འབྲེལ་ཕྱི་ལོ་ ༢༠༢༤ ལོར་རྒྱལ་སྤྱིའི་གཞུང་འབྲེལ་མི་སྣ་དང་། གྲོས་ཚོགས་འཐུས་མི། ལས་འགུལ་བ། བོད་དོན་རྒྱབ་སྐྱོར་ཚོགས་སྡེ་སོགས་དང་མཇལ་འཕྲད་གནང་ཞིང་། ཨ་རི་དང་ཡུ་རོབ། ཨའོསི་ཊརེ་ལི་ཡ་དང་། ཨེ་ཤི་ཡ་ས་ཁུལ་ནང་ལས་དོན་མང་དག་ཅིག་གཉེར་ཡོད་པ་རེད།
༡) བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག
ཕྱི་ལོ་ ༢༠༢༤ ལོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱིས་ཨ་མི་རི་ཀའི་རྒྱལ་སའི་ཁུལ་དུ་གཞུང་འབྲེལ་ཕྱོག་ཕེབས་ཐེངས་མང་གནང་སྟེ་ཨ་རིའི་གཞུང་དང་གྲོས་ཚོགས་ཀྱི་མཐོ་རིམ་གནད་ཡོད་མི་སྣར་མཇལ་འཕྲད་དང་ཚོགས་འདུར་མཉམ་ཞུགས། བོད་ནང་གི་གནས་སྟངས་དྲིལ་བསྒྲགས་དང་ངོ་སྤྲོད། མ་འོངས་ཐབས་བྱུས་དང་མཉམ་ལས་བྱེད་ཕྱོགས། གཙོ་ཆེན་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབས་ཡོང་ཐབས་སུ་ཞུ་སྐུལ་གནང་ཡོད་པ་ལྟར་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀ་ནས་གཏན་འབེབས་ཟིན་པའི་ཁྲིམས་འཆར་དེ་ལ་སྲིད་འཛིན་ཇཱོ་སྦཡེ་ཌན་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་མཚན་རྟགས་སྐྱོན་ཏེ་ཨ་རིའི་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་ཡིག་ཏུ་གྱུར་ཡོད་པ་རེད། ཁྲིམས་ཡིག་དེའི་ནང་། སྲིད་འཛིན་སྦཡེ་ཌན་མཆོག་གི་སྐུ་ངོས་ནས་ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་སྤེལ་གཏོང་བའི་ཆོད་སེམས་དང་། བོད་མིའི་ཆོས་དང་རིག་གཞུང་། ཐུན་མོང་མ་ཡིན་པའི་སྐད་ཡིག་བཅས་པ་སྲུང་སྐྱོབ་བྱ་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་འཁོད་ཡོད་པ་རེད། འོན་ཀྱང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཁྲིམས་དེས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་ཚབས་ཆེ་བཟོས་པའི་སྐྱོན་བརྗོད་བྱས་ཡོད།
༢) ཧྥ་རན་སི་སྲིད་འཛིན་དང་སྲིད་སྐྱོང་གི་མཇལ་འཕྲད།
ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་ཡུན་རིང་བོད་པའི་གྲོགས་པོ་ཡིན་པ་སྐུ་ཞབས་ཨན་དྷརེ་ གྷ་ཏོ་ལིན (Andre Gattolin) ལགས་སུ་ཧྥ་རན་སིའི་སྲིད་འཛིན་ཕོ་བྲང་དུ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཕུལ་བའི་མཛད་སྒོའི་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧྥ་རན་སིའི་སྲིད་འཛིན་ཨི་མེ་ནུཡེལ་ མཀ་རོན་ (Emma-nuel Macron) མཆོག་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་བསྟུན། སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཧྥ་རན་སིའི་སྲིད་འཛིན་རྣམ་གཉིས་དེ་སྔ་ཕྱི་ལོ་ ༢༠༡༦ ལོར་མཇལ་འཕྲད་གནང་བའི་སྐབས་ཀྱི་སྐུ་པར་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་རྟགས་བསྐྱོན་གནང་ཡོད་པ་ཞིག་ཕུལ་བ་དང་མཉམ་སྲིད་སྐྱོང་མཆོག་གིས་སྲིད་འཛིན་མཀ་རོན་མཆོག་ལ་བོད་དོན་མ་བརྗེད་པར་ཐུགས་སྣང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་པ་རེད། སྲིད་སྐྱོང་མཆོག་ད་རེས་ཧྥ་རན་སིའི་སྲིད་འཛིན་དང་ངོ་མཇལ་བྱུང་བ་འདི་ནི་ད་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཞིག་དང་ཡོ་རོབ་མང་གཙོའི་ཡུལ་གྲུ་ཆེ་གྲས་ཤིག་གི་དབུ་ཁྲིད་མཇལ་བ་ཐོག་མ་དེ་ཆགས་ཡོད་པ་རེད།
༣) ཆེ་བསྟོད་གཟེངས་རྟགས།
ཨ་རིར་རྟེན་གཞི་བྱས་པའི་རྒྱལ་ཡོངས་དམངས་གཙོ་གོང་འཕེལ་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༤ ལོའི་ Democracy Service Medal ཞེས་མང་གཙོ་གོང་འཕེལ་དང་འབྲེལ་བའི་ཞབས་ཞུའི་ལས་དོན་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་དེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གཉིས་ལ་ཕུལ་ཡོད་པ་བཞིན། གཟེངས་རྟགས་འབུལ་བཞེས་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དམངས་གཙོའི་གཟེངས་རྟགས་དེ་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་སྐུ་ཚབ་ཞུས་ཏེ་བཞེས་ཡོད་ཅིང་། ལྷག་པར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གྲུབ་འབྲས་ཐོབ་ཡོད་པ་འདི་དག་ནི་གཙོ་ཆེན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཅོག་གི་བཀའ་དགོངས་ལམ་སྟོན་འོག་བྱུང་བ་ཞིག་དང་། བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་དེ་ཡང་གཙོ་བོ་རྒྱ་གར་གཞུང་དང་ཨ་རིའི་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཡིན་སྐོར་གསུངས་ཡོད།
༤) དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་བཟོའི་ལས་དོན།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་མུ་མཐུད་སྔ་ལོར་རྒྱ་གར་རྒྱལ་ཡོངས་དང་ཕྱི་རྒྱལ་ཡུལ་ཁྲུ་ཁག་ལ་འཚམས་གཟིགས་དང་འབྲེལ་བོད་དོན་ཞུ་སྐུལ་རིམ་པ་གནང་ཡོད་ཅིང་། ཕྱི་ཟླ་ ༩ ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ ཐོག་འདས་པའི་མི་ལོ་གསུམ་རིང་འགག་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཐད་འདུམ་འགྲིག་གནང་སྟེ་ཚད་མཐོའི་མང་མོས་ཀྱི་ལམ་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་ཐུབ་པ་བྱུང་ཡོད་ཅིང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་ ༣༡ པའི་དོན་ཚན་ ༦༣ སྟེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཞེས་པའི་ནང་གསེས་གཉིས་པའི་འབྲུ་དོན་ལྟར། བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་ ༤༠ རིང་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བསྐོ་གཞག་དགོས་རིགས་བཅའ་ཁྲིམས་ཀྱི་འབྲུ་དོན་དང་བསྟུན་མི་དགོས་པར་གནས་འཐུས་ཀྱི་ཆོག་མཆན་ཞིག་ཆགས་ཡོད་པས། ཆ་རྐྱེན་འདི་ཕྱི་ལོ་ ༢༠༣༡ བར་དུས་འགྱངས་བྱས་པ་ཞིག་ཆགས་ཡོད་པ་རེད།
ཁ) རྒྱལ་སྤྱིའི་བོད་དོན་གནས་ཚུལ་གལ་ཆེ་ཁག
༡) ཁེ་ན་ཌའི་ནང་བོད་དོན་གྲོས་ཆོད་གཏན་འབེབས།
ཕྱི་ཟླ་ ༦ པའི་ཁེ་ན་ཌའི་དབུས་གྲོས་ཚོགས་འོག་མའི་ནང་ (Bloc Québécois) ཆབ་སྲིད་ཚོགས་པའི་འཐུས་མི་ཨེལིཀ་སིསི་ སྦུརུ་ནེལ་ ཌུ་ཅེ་པི་ (Alexis Brunelle-Duceppe) ལགས་ཀྱིས་སྣེ་ཁྲིད་འོག བོད་མི་ཚོར་རང་ཐག་རང་གཅོད་ཀྱི་རང་དབང་ཐོབ་ཐང་ལྡན་ཡོད་པའི་གྲོས་ཆོད་ཅིག་ཁེ་ན་ཌའི་གྲོས་ཚོགས་སུ་བཏོན་གནང་བར་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་རེད། གྲོས་ཆོད་དེའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ལ་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་མི་ཆོག་པ་དང་།བོད་མི་ཚོར་ཆོས་དང་རིག་གཞུང་། དཔལ་འབྱོར་བཅས་ཀྱི་ཐད་རང་ཐག་རང་གཅོད་ཀྱི་རང་དབང་དགོས་པ་གསལ་སྟོན་གནང་ཡོད་པ་རེད། ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ནང་བོད་དོན་དང་འབྲེལ་བའི་གྲོས་ཆོད་དེར་སྤྱི་མོས་རྒྱབ་སྐྱོར་ཐོབ་པ་དེ་ནི་ད་རེས་ཐེངས་གཉིས་པ་ཡིན་ཞིང་། ཁེ་ན་ཌའི་གྲོས་ཚོགས་ཀྱི་འཐུས་མི་ གྷར་ནེཊི་ འཇི་ནིཡེསི་ (Garnet Genius) ལགས་ཀྱིས་བོད་རྒྱ་གཉིས་ཀྱི་སྐུ་ཚབ་བར་གྲོས་མོལ་གནང་བ་བརྒྱུད་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འཐོབ་རྒྱུར་རྒྱབ་སྐྱོར་སྔར་ལྷག་གནང་དགོས་པའི་གྲོས་འཆར་བཏོན་པར་གྲོས་ཆོད་དེ་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༣ ཉིན་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོག་ནས་གཏན་འབེབ་གནང་པ་དེ་ནི་གྲོས་ཆོད་ཆེ་བ་དང་པོ་དེ་ཆགས་ཡོད་པ་རེད།
༢) ལྕམ་ནེན་སི་པེ་ལོ་སི་མཆོག་ལ་ཆེ་བསྟོད།
ཕྱི་ཟླ་ ༡༢ ནང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དང་། བོད་མིའི་འཐབ་རྩོད་ཐད་རླབས་ཆེན་གྱི་མཛད་རྗེས་བཞག་པར་ངོས་འཛིན་ཞུས་ཏེ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁོང་ལ་བདེན་པའི་འོད་སྣང་ཞེས་པའི་གཟེངས་རྟགས་ཕུལ་ཏེ་ཆེ་བསྟོད་ཞུས་གནང་ཡོད། ལྕམ་ནེན་སི་པེ་ལོ་སི་(Nancy Pelosi) མཆོག་གིས། “བོད་ཀྱི་ཆེད་དུ་རྒྱབ་སྐྱོར་གྱིས་རྒྱ་ནག་གི་དྲག་གནོན་ཐོག་གླེང་སློང་བྱེད་རྒྱུ་དེ་ནི་ང་ཚོའི་བཟང་སྤྱོད་ཀྱི་འགན་འཁྲི་ཡིན་”ཞེས་གསུངས་ཡོད་ལ། ཁོང་ལ་ཆེ་བསྟོད་གཟེངས་རྟགས་འདི་ཐོབ་པ་ནི་ཧ་ཅང་གི་གཟི་བརྗིད་ཅིག་ཡིན་ཀྱང་ “ང་ཚོས་མདུན་སྐྱོད་བྱེད་སྐབས་ད་དུང་ཡང་ལས་དོན་མང་པོ་ཞིག་བསྒྲུབ་རྒྱུ་ལྷག་ཡོད་”ཅེས་གསུངས་ཡོད་པ་རེད།
༣) ཐེ་ཝན་དང་འབྲེལ་ལམ།
སྔ་ལོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་གིས་དབུས་པའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཚོ་ཁག་ཅིག་ཐེ་ཝན་གྱི་སྲིད་འཛིན་གསར་པ་བསྐོ་འདེམས་བྱུང་པ་ལའེ་ཆིང་ཏེ་ (Lai Ching-te) ལགས་གི་སྲིད་འཛིན་དམ་འབུལ་གྱི་མཛད་སྒོར་གཞུང་འབྲེལ་སྒོ་ནས་མགྲོན་འབོད་ཞུས་པ་ལྟར་ལྷན་ཞུགས་གནང་ཡོད་པ་དང་། བོད་མིའི་ཆེས་མཐོའི་སྐུ་ཚབ་ཕེབས་ཞུགས་གནང་པ་འདི་ནི་ལོ་ངོ་ ༢༤ རྗེས་སུ་ཐེངས་དང་པོ་དེ་ཆགས་ཡོད་པ་རེད། སྐབས་དེར་ཨ་རི་དང་། ཉི་འོང་། ཁེ་ན་ཌ་སོགས་རྒྱལ་ཁབ་ ༢༩ ལྷག་ནས་སྐུ་ཚབ་ ༥༠༠ ལྷག་གིས་མཉམ་ཞུགས་གནང་ཡོད།
༤) ཧྥ་རན་སིའི་འགྲེམས་སྟོན་དང་བོད།
སྦརན་ལེ་ (Branly) དང་གྷེ་མེཊི་ (Guimet) ཅེས་པའི་ཧྥ་རན་སི་ནང་གི་འགྲེམས་སྟོན་ཁང་ཆེ་གྲས་གཉིས་ཀྱིས་བོད་ལ་དབྱིན་ཡིག་ཏུ། Tibet ཞེས་པའི་ཐ་སྙད་ཡོད་པ་དེ་ནག་གསུབ་ཀྱིས་དེའི་ཚབ་ཏུ་ Xizang ཞེས་རྒྱ་ནག་གཞུང་གི་འདོད་ཚུལ་གྱི་མིང་ཚིག་ཏུ་བསྒྱུར་བཅོས་བཏང་པའི་རྗེས་ཧྥ་རན་སིའི་ནང་གི་བོད་མི་ཚོའི་འགྲེམས་སྟོན་ཁང་གི་ལས་བྱེད་དང་འགན་འཛིན་སོགས་ལ་ཡི་གེ་བྲིས་ཏེ་ཐུག་འཕྲད་ཀྱིས་རེ་སྐུལ་ཞུས་ཡོད་པ་མ་ཟད། ངོ་རྒོལ་གྱི་ལས་འགུལ་རིམ་པར་སྤེལ་ཡོད་པ་ལྟར། སྦརན་ལེ་འགྲེམས་སྟོན་ཁང་ (Branly ) ནས་ནོར་འཁྲུལ་ངོས་ལེན་གྱིས་འགྲེམས་སྟོན་ཁང་གི་བོད་དང་འབྲེལ་བའི་དཀར་ཆག་དང་ནང་གསེས་དབྱེ་བ་གང་ཡོད་ལ་བོད་ཅེས་པའི་ཐ་སྙད་བསྐྱར་འགོད་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་གྷེ་མེཊི་ (Guimet) འགྲེམས་སྟོན་ཁང་གིས་ཡུན་རིང་ལན་འདེབས་གང་ཡང་བྱས་མེད་པར་བརྟེན་བོད་མི་ཚོས་མུ་མཐུད་འགྲེམས་སྟོན་ཁང་དེའི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་ཡོད་ཅིང་། ཕྱི་ཟླ་ ༡༢ ནང་ཧྥ་རན་སི་ནང་གནས་སྡོད་བོད་མིའི་སྐུ་ཚབ་མཇལ་མོལ་གནང་སྟེ་བོད་མིའི་ཕྱོགས་ནས་ཆབ་སྲིད་ཀྱི་གནད་འགག་ཁག་ངོ་སྤྲོད་གནང་མཐར། འགྲེམས་སྟོན་ཁང་དེས་འདི་ཐད་རིམ་བཞིན་བསམ་གཞིགས་བྱ་རྒྱུ་ཡིན་པ་བརྗོད་པ་ལས། བསྒྱུར་བཅོས་གནང་པ་རིགས་གང་ཡང་བྱུང་མེད་པ་རེད།
༥) རྒྱལ་ཚོཊ་སུ་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་བཞི་པ།
འདས་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དེ་བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༦༡ གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གླེང་སློང་གིས་རྒྱབ་གཉེར་དོན་ཚན་ ༤༢༨ བཏོན་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ ༢༠ ལྷག་གིས་བོད་དོན་དང་འབྲེལ་ནས་གཙོ་བོ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་། རྒྱ་ནག་གཞུང་གིས་བོད་ནང་བཙུགས་པའི་བཅའ་སྡོད་སློབ་གྲྭ་ཁག་སྒོ་རྒྱག་དགོས་པ།
བོད་ཕྲུག་སློབ་མ་རྣམས་ལ་མི་རིགས་རང་ཉིད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཀྱི་ཐོབ་ཐང་སྤྲོད་དགོས་པ་སོགས་དོན་ཚན་ ༢༥ རྒྱབ་གཉེར་གནང་སྟེ་བོད་དོན་གླེང་ཡོད་པ་རེད། དེ་ནི་ཕྱི་ལོ་ ༢༠༡༨ ལོར་ཚོགས་པའི་བསྐྱར་ཞིབ་ཐེངས་གསུམ་པ་དང་བསྡུར་ན་རྒྱལ་ཁབ་དང་རྒྱབ་གཉེར་གྱི་དོན་ཚན་ལྡབ་གཅིག་ལྷག་མང་བ་བྱུང་ཡོད་པ་རེད།
༦) རིགས་རྫས་བསྡུ་ལེན་གྱི་ལས་དོན་ལ་འགོག་རྒོལ་གྱི་གྲུབ་འབྲས།
བོད་མི་གཙོ་བོར་གྱུར་པའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་། ཨ་རིའི་གྲོས་ཚོགས་བཅས་ཀྱི་གནོན་ཤུགས་དང་ཞུ་སྐུལ་རིམ་པ་གནང་བའི་ཁྲོད་ཐར་མ་ ཧྥི་ཤར་ཚན་རྩལ་ (Thermo Fisher Scientific) ཚོང་ལས་ཁང་གིས་སྔ་ལོར་བོད་རང་སྐྱོང་ལྗོངས་ཟེར་བར་མིའི་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་ཚོང་འགྲེམས་མཚམས་འཇོག་བྱེད་རྒྱུ་ཡིན་པ་ཐག་གཅོད་བྱས་ཡོད་པ་རེད།
ཕྱི་ལོ་ ༢༠༢༢ ཟླ་ ༩ ནང་དུ་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་ཁེ་ན་ཌའི་ (Citizenlab) གཉིས་ཀྱིས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ “རྒྱལ་སྤྱིའི་ཁྲིམས་ལུགས་དང་བརྒལ་ཏེ་”བོད་མི་ས་ཡ་ ༡་༢ ཙམ་གྱི་རིགས་རྫས་བསྡུ་རུབ་བྱས་ཟིན་ཡོད་པ་དང་། དེའི་ཁོངས་བྱིས་པ་ལོ་ ༥ ཡང་ཚུད་ཡོད་པ་གསལ་སྟོན་གནང་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་རིགས་རྫས་བསྡུ་རུབ་ཆེད་བེད་སྤྱོད་བྱེད་བཞིན་པའི་ཡོ་ཆས་དེ་དག་ ཐར་མ་ ཧྥི་ཤར་ཚན་རྩལ་ (Thermo Fisher Scientific) ཚོང་ལས་ཁང་གིས་བཟོ་བསྐྲུན་བྱེད་ཀྱི་ཡོད་པ་ར་སྤྲོད་གསལ་པོ་བྱུང་ཡོད་པ་རེད།
༧) ༧རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་རི་བོ།
རྒྱ་གར་གྱི་རི་འཛེག་པ་ཁག་གཅིག་གིས་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆགས་པའི་དེ་སྔ་རྩ་བ་ནས་འཛེག་མྱོང་མེད་པའི་རི་རྩེ་མཐོ་བོ་ཞིག་གི་སྟེང་ལམ་ལྷོང་ལྡན་པའི་ངང་འཛེགས་ཏེ། རི་རྩེ་དེའི་མིང་ལ་༸རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་རི་རྩེ་ཞེས་མཚན་གསོལ་ཞུས་ཡོད་པ་རེད། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་དེ་ནི་གཟི་བརྗིད་ལྡན་པ་ཞིག་དང་། ད་བར་མིང་མེད་པའི་རི་བོ་མཐོ་པོ་འདིའི་མིང་མོན་རྟ་དབང་ནས་འཁྲུངས་པ་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་དྲན་རྟེན་གྱི་ཚུལ་དུ་རི་བོ་ཚངས་དབྱངས་རྒྱ་མཚོ་ཞེས་མིང་བཏགས་པ་ཡིན་ཞེས་གསུངས་འདུག
ག) ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ལ་ཉེས་ཆད་བཀལ་བར་རྒྱ་ནག་གིས་བོད་དོན་ཚོགས་པའི་མི་སྣ་ ༥ ལ་རྒོལ་ལན་ཉེས་ཆད་བཀལ་པ།
ཟླ་ ༡༢ ཚེས་ ༢༢ ཉིན། རྒྱ་ནག་གཞུང་ངོས་ནས་ཁེ་ན་ཌའི་བོད་དོན་ཚོགས་པ་དང་ཁེ་ན་ཌའི་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་གཉིས་དང་འབྲེལ་ཡོད་མི་སྣ་ ༢༠ ཐོག་རྒྱ་ནག་གིས་དཔལ་འབྱོར་གྱི་དམ་དྲག་དང་ཐོངས་མཆན་བཀག་སྡོམ་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། དེའི་ཁོངས་སུ་ཁེ་ན་ཌའི་བོད་དོན་ཚོགས་པའི་མི་སྣ་ལྔ་སྟེ་ཚོགས་གཙོ་ལྷ་ལུང་པ་བསམ་འཕེལ་ལགས་དང་། ཚོགས་གཞོན་ལུའི་ས་ ཌུ་རན་ཊེ་ (Luisa Durante) ལགས། ལག་བསྟར་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས། ཚོགས་མི་ ཨེལི་ཛ་ ཝོན་ སྦཡེ་ཡར་ (Eliza Von Baeyer) ལགས་དང་། སྤྱི་ཚོཊ་འབྲེལ་མཐུད་འགན་འཛིན་གཡུང་དྲུང་བསྟན་འཛིན་བཅས་ཡིན་པ་དང་། དེ་བཞིན་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལག་བསྟར་འགན་འཛིན་མེཧ་མཊ་ ཊོ་ཊི་ (Mehmet Toti) ལགས་དང་ཐབས་ཇུས་དང་དྲིལ་བསྒྲགས་འགན་འཛིན་འཇསི་མིན་ ཀཡེཐི་ (Jasmine Kaith) ལགས་སོགས་མི་གྲངས་ ༡༥ ཐོག་བཀག་རྒྱ་བཏང་ཡོད་པ་རེད།
འདི་ནི་ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ངོས་ནས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཟུར་པ་ཁག་ཅིག་ཐེ་བའི་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ལས་ཟུར་ ༨ ལ་ཁེ་ན་ཌའི་གཞུང་གིས་ཉེས་ཆད་བཀལ་བར་ལན་འདེབས་བྱས་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་དང་འབྲེལ་ཡོད་མི་སྣ་ཚོས་ངོས་འཛིན་བྱེད་ཀྱི་འདུག་ལ། རྒྱ་ནག་གིས་བོད་མི་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་མི་སྣར་ཉེས་ཆད་བཀལ་བ་དེའི་ལན་འདེབས་སུ། ༢༠༢༤ ཟླ་ ༡༢ ཚེས་ ༢༤ ཉིན་ ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། ཁེ་ན་ཌའི་གཞུང་ངོས་ནས་ནམ་ཡང་ངོས་ལེན་མེད་ཅེས་དང་། ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ངོས་ནས་རྒྱ་ནག་གཞུང་གིས་ཉེས་ཆད་བཀལ་བའི་ཁེ་ན་ཌའི་བོད་དོན་ཚོགས་པ་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་པ་དང་ཆབས་ཅིག རྒྱ་ནག་ཏུ་གནས་སྡོད་ཁེ་ན་ཌའི་མི་སེར་རྣམས་ལ་རྒྱ་ནག་རྒྱལ་ནང་གི་ཁྲིམས་བཅད་སོགས་ཀྱི་བཙན་གནོན་དུ་མི་ཚུད་རྒྱུར་དོགས་གཟོན་དགོས་རྒྱུ་དང་། ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ངོས་ནས་རྒྱ་ནག་ནང་བཀག་སྡོམ་ཉེས་ཆད་དེ་རིགས་ཀྱིས་གནོད་འཚེ་ཕོག་ཡུལ་གྱི་ཁེ་ན་ཌའི་མི་སེར་རྣམས་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་ནམ་ཡང་སྲུང་སྐྱོབ་ཀྱི་ཆེད་གྲ་སྒྲིག་ཡོད་སྐོར་གསུངས་ཡོད་པ་རེད།
ང་།) དབྱིན་ཡུལ་གྲོས་ཚོགས་ནང་བོད་ནི་དེ་སྔ་རང་བཙན་ཡིན་པ་སོགས་བོད་དོན་གླེང་འདུག
དབྱིན་ཡུལ་གྲོས་ཚོགས་གོང་མའི་འཐུས་མི་ཌེ་ཝིཌ་ཨལ་ཊོན་(Lord David Alton)་ལགས་དང་འཐུས་མི་ཌེ་ཝིཌ་ཨལ་ཊོན་(Lord David Alton)་ལགས་གཉིས།
སྒྲིག་བཟོ། parliamentlive.tv
ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༩ ཉིན་དབྱིན་ཡུལ་གྱི་གྲོས་ཚོགས་གོང་མའི་ནང་ལོ་མཇུག་བགྲོ་གླེང་སྐབས། གྲོས་ཚོགས་གོང་མའི་འཐུས་མི་ཌེ་ཝིཌ་ ཨལ་ཊོན་ (Lord David Alton) ལགས་ཀྱིས་དབྱིན་ཡུལ་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དང་། ལྷག་པར་དུ་ཧོང་ཀོང་དང་། ཐེ་ཝན། བོད་སོགས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བདེ་སྡུག་གནད་དོན་སོགས་ཀྱི་ཐད་གྲོས་བསྡུར་གནང་སྐབས། གྲོས་ཚོགས་འཐུས་མི་ ཌེ་ཝིཌ་ ཨལ་ཊོན་ (Lord David Alton) ལགས་ཀྱིས། བོད་ནང་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་རིག་གཞུང་རྩ་མེད་གཏོང་བའི་སྲིད་ཇུས་མུ་མཐུད་དུ་སྤེལ་བཞིན་ཡོད། བོད་ཀྱི་སྐད་ཡིག་བེད་སྤྱོད་ཐད་དམ་དྲག་དང་། དགོན་སྡེ་ཁག་གཏོར་བཤིག བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས་བཅས་ལག་བསྟར་བྱེད་བཞིན་ཡོད། ༧གོང་ས་༧ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་བཞུགས་དགོས་པ་དང་། ཆོས་དད་རང་དབང་ཧ་ལམ་མེད་པ་ཆགས་ཡོད། ཨ་རིའི་རང་དབང་ཁང་པས་བོད་ནི་འཛམ་གླིང་ནང་རང་དབང་ཆུང་ཤོས་ཀྱི་ས་ཁུལ་གྱི་གྲས་སུ་བརྩིས་ཡོད་པ་དང་། རྒྱ་ནག་གཞུང་གིས་ལྟ་སྲུང་བྱེད་པ་དང་མི་མང་པོ་འཛིན་བཟུང་བྱེད་པ། ཁྱོག་བཤད་དྲིལ་བསྒྲགས་བྱེད་པ་བཅས་ཀྱི་ཐོག་ནས་བོད་མིའི་ངོ་བོ་རྩ་མེད་གཏོང་བཞིན་ཡོད། བོད་ཀྱི་དཀའ་ངལ་ཐད་རྒྱལ་སྤྱིས་ཁ་ཁུ་སིམ་པོར་སྡོད་སྟངས་དེ་རྒྱ་ནག་གི་ཆོས་དད་པ་ཚོར་མནར་གཅོད་གཏོང་བ་དང་འདྲ་བ་རེད། དཔེར་ན་ཝུའུ་ཧན་གྱི་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་སྐོར་བདེན་དོན་འཚོལ་ཞིབ་བྱེད་མཁན་གསར་འགོད་པ་གཞོན་ནུ་མ་ཀྲང་ཀྲན་བཙོན་འཇུག་བྱས་པ་དང་། ཧྥ་ལུང་ཀུང་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་ཚོར་མནར་གཅོད་བཏང་པ། ཤིན་ཅང་ནང་གི་ཡུ་གུར་མི་མང་ཚོར་ངལ་རྩོལ་བཟོ་གྲྭའི་རྣམ་པའི་ཐོག་ནས་བཀག་སྐྱིལ་དམ་དྲག་བྱས་པ་བཅས་རེད། ཅེས་གཏམ་བཤད་གནང་འདུག།
གསར་འགོད་པ་དང་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
ཁ་སྣོན་གསར་འགོད་པ། ནོར་སྡེ་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲིས།