༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཆེ་ཁག ༢༠༢༤
བསྐྱར་ལྟའི་ལས་རིམ་འདི་ནང་གཙོ་བོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ༢༠༢༤ ལོའི་ནང་མཛད་འཕྲིན་མང་ཆེ་བ་བཞུགས་སྒར་རྡ་རམ་ས་ལར་བསྐྱངས་གནང་མཛད་ཡོད་ཀྱང་། ཕྱི་ཟླ་ ༦ པ་ནས་ ༨ པའི་བར་ཟླ་བ་གཉིས་རིང་ཨ་རིའི་ནིའུ་ཡོག་ཏུ་ཆིབས་སྒྱུར་མཛད་དེ་༧སྐུའི་ཞབས་པུས་གཤགས་བཅོས་ལེགས་གྲུབ་བྱུང་པ་འདི་ནི་བོད་མི་ཚང་མར་གནས་ཚུལ་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད། སྐབས་དེར་བོད་ཕྱི་ནང་གཉིས་ནས་བོད་མི་དང་། སོག་པོ་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་བཅས་ཕྱི་ནང་གི་དད་ལྡན་པ་ཚོས་༧རྒྱལ་བའི་ཞབས་བརྟན་དང་། བསང་གསོལ་ཕུལ་པ། སངས་རྒྱས་སྨན་ལྷའི་ཟུངས་སྔགས་གསོག་བསྒྲུབས་ཞུས་པ་སོགས་དོ་འཁུར་ཧ་ཅང་ཆེན་པོ་ཞུས་ཡོད་པ་རེད།
༧སྐུའི་ཞབས་པུས་འཕྲོད་བཞེས་མཛད་པ།
༢༠༢༤ ཟླ་ ༦ པའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་ཏུ་ལོ་ངོ་ ༧ གྱི་རྗེས་དང་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་ ༢༠༡༨ རྗེས་ཆིབས་སྒྱུར་དང་པོ་བསྐྱངས་ཡོད་པས། ཨ་རིའི་གླིང་ཕྲན་དང་ཡོ་རོབ་ཀྱི་ཡུལ་གྲུ་གང་ས་ནས་དད་ལྡན་པ་ཁྲི་ཚོ་མང་པོ་ཕེབས་བསུ་དང་། ཕེབས་བསྐྱེལ། དེ་བཞིན་བརྟན་བཞུགས་སྐབས་ཨ་རིའི་ནིའུ་ཡོག་ཏུ་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མི་འཛོམས་ཆེན་པོ་འདུས་པ་ཡོད་པ་མ་ཟད། ཨ་རིའི་ནིའུ་ཡོག་ཏུ་༧དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། སུད་སིར་དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་དབུས་མཁན་བླ་སྤྲུལ་མང་དག་ཅིག་མཇལ་བཅར་ཞུས་ཤིང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་ ཛེ་ཡ་ (Uzra Zeya) མཆོག་དང་ཕོ་བྲང་དཀར་པོ་ནས་ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་དང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ངེས་སྟོན་པ་བགྲེས་པ་ཀེ་ལི་ ར་ཛོཀ་ (Kelly Razzouk) ལྷན་བཅར་ཞུས་ཡོད་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་སྐུ་བཞུགས་མཛད་པའི་དུས་སྐབས་སུ་༧སྐུའི་འཁྲུངས་སྐར་དུས་ཆེན་འཁེལ་ཡོད་པས། ཨ་རིའི་ནིའུ་ཡོག་ཏུ་མཚོན་ན་འཁྲུངས་སྐར་དམིགས་བསལ་སྲུང་བརྩིས་ཟབ་རྒྱས་ཞུས་ཤིང་། ནིའུ་ཡོག་ས་གནས་སུ་ཉེ་འཁོར་གྱི་བོད་མི་འབོར་ཆེན་འདུ་འཛོམས་ཀྱིས། མི་མང་སྟོང་ཚོ་འཛོམས་སའི་ (Times Square) ཐང་ཆེན་གྲུ་བཞི་མའི་སྟེང་དུ་འཁྲུངས་སྐར་ལ་འཚམས་འདྲིའི་ཤིས་བརྗོད་དྲིལ་བསྒྲགས་ཞུས་གནང་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནིའུ་ཡོག་ནས་འཁྲུངས་སྐར་གསུང་འཕྲིན་སྩལ་བའི་ནང་། ༧སྐུའི་འཕྲོད་བཞེས་ཡག་པོ་བྱུང་ཡོད་པས་འདིའི་ཐད་ལ་སེམས་འཁྲལ་མི་དགོས་པར་བློ་བདེ་པོ་བྱོས་ཞེས་དད་ལྡན་མང་ཚོགས་ལ་བཀའ་སློབ་སྩལ་ཡོད་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་སྒྱུར་བསྐྱངས་ཏེ་༧ཞབས་པུས་ཀྱི་འཕྲོད་བཞེས་ལེགས་པར་གྲུབ་རྗེས། ནིའུ་ཡོག་མངའ་སྡེའི་ཨི་ཐི་ཁ་ས་གནས་སུ་ཕྱག་བཏབ་པའི་༧གོང་ས་༧སྐྱབས་མགོན་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་དུ་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་ཆིབས་བསྒྱུར་མཛད་དེ་རབ་གནས་སོགས་ཀྱི་མཛད་རིམ་བསྐྱངས་གནང་མཛད་པ་དེ་༧ཞབས་པུས་གཤགས་བཅོས་ཞུས་པའི་རྗེས་ཀྱི་དམངས་ཁྲོད་ཀྱི་མཛད་འཕྲིན་ཐོག་མ་འདི་ཆགས་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་བྱང་ཨ་རིའི་བོད་མི་དང་། སོག་པོའི་མི་མང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་གིས་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་ UBS Arena ཞེས་པའི་རྩེད་རྭའི་ཚོགས་ཁང་ཆེན་མོར་ཨ་མི་རི་ཀའི་མངའ་སྡེ་ ༣༠ ཙམ་དང་ཁེ་ན་ཌ་བཅས་ནས་མི་གྲངས་ ༡༧༠༠༠ (ཆིག་ཁྲི་བདུན་སྟོང་) ལྷག་འདུ་འཛོམས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་ཆེ་མི་མང་གིས་རེ་འདུན་ཞུ་བཞིན་ཡོད་པ་རྣམས་བསྒྲུབ་ཐུབ་པ་གནང་རྒྱུ་དང་། ༧གང་ཉིད་ཀྱི་གཟིམས་ལམ་དུ་བོད་སྐྱོང་ལྷ་སྲུང་དཔལ་ལྡན་ལྷ་མོ་ཕེབས་ནས་ལོ་བརྒྱ་དང་བཅུ་གྲངས་འཚོ་གི་རེད་ཅེས་གསུངས་མྱོང་ཡོད་པ་བཀའ་གནང་ཡོད།

ཕྱི་ཟླ་ ༨ ཚེས་ ༢༣ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་གི་བཞུགས་ཡུལ་གསོལ་མགྲོན་ཁང་ནས་ཆིབས་ཞལ་བསྒྱུར་ཏེ་སུད་སིར་ཆིབས་སྒྱུར་མཛད་ཅིང་། ཁུལ་དེར་ཕྱི་ཚེས་ ༢༥ ཉིན་ཡོ་རོབ་ཡུལ་གྲུ་འདྲ་མིན་ནས་མང་ཚོགས་ཁྲི་ལ་ཉེ་བར་ (Hallenstadion) ཚོགས་ཁང་ཆེན་མོར་འདུ་འཛོམས་ཀྱིས་སུད་སི་བོད་རིགས་ཚོགས་པས་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། དེ་ཉིན་དཔལ་རྒྱལ་དབང་༧ཀརྨ་པ་རིན་པོ་ཆེ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སུད་སིར་ཆེད་དུ་ཆིབས་སྒྱུར་གྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་ཞུའི་མཇལ་བཅར་ཞུས་ཡོད་པ་རེད།
ཡང་སྔ་ལོ་ཕྱི་ཟླ་ ༡༡ པའི་ནང་རི་བོ་དགེ་ལྡན་པའི་བསྟན་པའི་གཙུག་རྒྱན་དགའ་ལྡན་ཁྲི་གདན་ཟུར་རྣམ་གཉིས་ལ་མཇལ་ཁ་བསྩལ་ཡོད་པ་དེ་ནི་དགའ་ལྡན་ཁྲི་པ་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་པའི་མཛད་ཁུར་ཟིན་ནས་ཁྲི་ཐོག་ ༡༠༥ པར་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་ཁྲི་འདོན་དང་འབྲེལ་ཏེ་ཟུར་མཇལ་ཞུས་པ་ཞིག་ཆགས་ཡོད་ལ། རྒྱ་གར་ལྷོ་ཕྱོགས་སུ་ཁྲི་གདན་ཟུར་རྣམ་གཉིས་ལ་ཁྲི་འདོན་གྱི་མཛད་སྒོའི་ཐོག་བརྟན་བཞུགས་འདེགས་འབུལ་ཞུས་པ་ཡང་བྱུང་ཡོད་པ་རེད།
གནས་མཆོག་རྡོ་རྗེ་གདན་གྱི་མཛད་འཕྲིན།
འདས་ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་ལེགས་གྲུབ་བྱུང་ཡོད་ཅིང་། ལོ་འཁོར་མོའི་རིང་ལ། མི་མང་ལ་ཆོས་འབྲེལ་ཁག་བསྟུད་མར་བསྐྱངས་དང་སྐྱོང་གནང་མཛད་ཡོད་པ་རེད། ༢༠༢༤ ལོའི་མང་ཚོགས་ཁྲོད་ཀྱི་མཛད་འཆར་དང་པོ་ནི་གནས་མཆོག་རྡོ་རྗེ་གདན་དུ་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་། ཝར་ཎ་སློབ་ཟུར་ཚོགས་པ། སྤོན་ཌ་བོད་མིའི་གཞིས་ཆགས། དེ་བཞིན་ཞ་ལུ་དགོན་པ་དང་། ལྷ་ལྡན་ཆོས་འཕྲུལ་སྨོན་ལམ་དགེ་རྩ་ཚོགས་པ། དགེ་ལྡན་སྤྱི་ལས་ཁང་བཅས་ཚོགས་ཁག་ཐུན་མོང་གིས་གོ་སྒྲིག་ཞུས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དེ་ཆགས་ཡོད་པ་མ་ཟད། གཞན་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་བསྩལ་བའི་ཁྲོད། རྒྱ་གར་སྦི་ཧར་ (Bihar) མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤི་ ཀུ་མར་ (Nitish Kumar) མཆོག་དང་། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་བཅས་ཡོད་པ་རེད།
དགེ་ཚུལ་སློང་གི་སྡོམ་པ་འབོག་ཆོག་གི་མཛད་ཆེན།
ཕྱི་ལོ་ ༢༠༢༤ ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཆེན་གཞན་ཞིག་ནི། དགེ་འདུན་པ་བརྒྱ་ཕྲག་འགའ་ཤས་ལ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་པ་དེ་ཡིན་པ་དང་དགོན་སྡེ་གྲྭ་ཚང་ཁག་ཚང་མས་མཚན་ཉིད་ལ་སྦྱོང་སྤྱོད་བྱ་དགོས་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་བདམས་པར་མཛད་པ་དེ་ཡིན་པ་རེད། དཔེ་ན་བོད་ཤིང་འབྲུག་ལོའི་བོད་ཟླ་དང་པོ་ནང་། རྒྱལ་ཁབ་ཕྱི་ནང་གི་གྲྭ་བཙུན་ ༤༠༠ ལྷག་ལ་དགེ་ཚུལ་སློང་གི་སྡོམ་པ་སྩལ་འདུག་པ་མ་ཟད། སྤྱི་ལོ་ ༡༩༦༠ ཙམ་ནས་ད་བར་ཁྱོན་བསྡོམས་གྲྭ་བཙུན་ཁྲི་གསུམ་ཙམ་ལ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་འབོག་ཆོག་མཛད་ཡོད་པ། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དེའི་ཁོངས་ཕྱི་ཟླ་ ༢ ནང་རྒྱ་གར་དང་། སོག་ཡུལ། ཨུ་རུ་སུ། ཨ་རི། ཡོ་རོབ། ཝིཡེཏ་ནམ། སིངྒ་པུར། བོད་བཅས་ནས་ཡིན་པའི་ཕོ་མོ་རྒན་གཞོན་ ༧༢ ལ་དགེ་ཚུལ་སྡོམ་པ་སྩལ་ཡོད་པའི་ཁོངས། རྒྱ་གར་བ་བུད་མེད་དགེ་རྒན་ཆེན་མོ་ཀ་ཝེ་རི་ གྷིལ་ (Kaveri Gill) ལྟ་བུའི་དབྱིན་ཇིའི་རྒྱལ་ཁབ་ཀྱི་ཀེམ་བྷིརིཇ་ (Cambridge) སློབ་ཆེན་ནས་འབུམ་རམས་པ་ཐོན་ཏེ། དབྱིན་ཡུལ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས། རྒྱ་གར་བཅས་སུ་ཤེས་ཡོན་དང་འབྲེལ་བའི་ཕྱག་ལས་སྣ་མང་གནང་མྱོང་མཁན་ཞིག་གིས་ཀྱང་སྡོམ་པ་ཞུས་ཡོད་པ་རེད།
བོད་རྒྱུད་ནང་བསྟན་ནང་དགེ་སློང་མའི་སྡོམ་རྒྱུན་གྱི་སྲོལ་ལུགས་ཡོད་མིན་ལ་མ་བལྟོས་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་ལྟར་བཙུན་དགོན་ཁག་གི་ནང་གཞུང་ཆེན་བཀའ་པོད་ལྔའི་ཐོག་འཆར་གཞི་ལྡན་པའི་སློབ་གཉེར་ལས་རིམ་འཛུགས་གནང་མཛད་རྗེས། ཕྱི་ལོ་ ༢༠༡༦ ནས་བཟུང་དགེ་བཤེས་མ་ཐོན་འགོ་ཚུགས་ཡོད་ལ། སྔ་ལོར་དགེ་བཤེས་མ་བདུན་དང་སྔགས་རམས་དགེ་བཤེས་མ་བཅུ་ཐོན་ཡོད་ལ། གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་སློབ་གཉེར་མཛད་དེ་སྔགས་རམས་དགེ་བཤེས་མ་ཐོན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་ཕྱེ་ཡོད་པ་རེད།
འཛམ་གླིང་གི་གལ་ཆེའི་མི་སྣར་མཇལ་ཁ་སྩལ་པ་ཁག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་མིའི་བཟང་པོའི་ཡོན་ཏན་ཁྱབ་སྤེལ་གོང་མཐོར་གཏོང་རྒྱུ་ནི་ཐུགས་བསྐྱེད་དམ་བཅའ་བཞི་ཡོད་པའི་ཁོངས་ནས། འགྲོ་བ་ཡོངས་ཀྱི་ཕན་བདེ་གྲུབ་ཕྱིར་ཐུགས་བསྐྱེད་དམ་བཅའ་དང་པོ་དང་གལ་གནད་ཆེ་ཤོས་ཤིག་ཡིན་ཞིང་། ལོ་འཁོར་མོའི་རིང་བཞུགས་སྒར་དང་རྒྱལ་སྤྱིའི་ཁྲོད་མི་མང་ཁྲི་ཚོ་མང་པོར་མཇལ་ཁ་སྩལ་ཡོད་པའི་ཁྲོད་མི་སྣ་ཆེ་འབྲིང་ཆུང་གསུམ་སྟོང་ཚོ་མང་པོ་བྱུང་ཡོད་པ་དང་། དེའི་ཁོངས་སུ་ འདས་ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡེཀལ་མེཀཽལ་ (Michael McCaul) མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཏེ། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་སྤྱན་བསྟར་ཞུས་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་བྱིས་པའི་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་ཀཡེ་ལཤི་ སཏྱར་ཐི་ (Kailash Satyarthi) མཆོག་དང་། ཨ་རིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱལ་སྤྱིའི་ས་འོག་འབར་མདེལ་བཀག་སྡོམ་ལས་འགུལ་གསར་འཛུགས་གནང་མཁན་ལྕམ་འཇོ་ཌི་ ཝིལེ་ཡམསི་ (JodyWilliams) མཆོག་དང་མཇལ་འཕྲད་གནང་ཡོད་ལ། ཧྥིལིཔིནསི་ (Philippines) ནས་ར་མོན་ མག་སེ་སེ་ (Ramon Magsaysay) གཟེངས་རྟགས་ཚོགས་ཆུང་གི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་དང་། ཐེབས་རྩའི་ཚོགས་མི། གཟེངས་རྟགས་བཞེས་མྱོང་མཁན་རྒྱ་གར་བ་བཞི་དང་། ཧྥིལིཔིནསི་ (Philippines) གྱི་མི་གཉིས། གཞན་ཡང་སྐུ་མགྲོན་སོགས་མི་གྲངས་ ༥༠ ཙམ་ལ་མཇལ་ཁ་སྩལ་ཏེ་རྒྱ་གར་གྱི་གནའ་བོའི་འཚེ་མེད་ཞི་བའི་ལྟ་གྲུབ་ནི་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུའི་ས་བོན་ལྟ་བུ་དེ་ཡིན་པས་ཚང་མས་གཅིག་གྱུར་གྱིས་ལག་བསྟར་ཐུབ་པ་གནང་རྒྱུ་གལ་ཆེན་ཡིན་ཞེས་བཀའ་སློབ་སྩལ་གནང་མཛད་འདུགསྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཚོང་དོན་དང་བཟོ་ལས་བློན་ཆེན་ཟུར་པ་ཨ་ནནདྷི་ ཤར་མ་ (Anand Sharma) ལགས་དང་། མར་ཊིན་ལུ་ཐར་ཀིངྒ་ (Martin Luther King) མཆོག་གི་སྲས། ཨིསི་ཊོ་ནི་ཡ་ (Estonia) ཡི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་འཇུ་ཀུ་ཀེལ་ རེཌི་ (Juku-Kalle Raid) ལགས་དང་། ཨ་རིའི་ Hollywood གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཨོསི་ཁར་ (Oscars) གཟེངས་རྟགས་ཐོབ་མྱོང་མཁན་ཧྥོ་རེསཊི་ཝེ་ཊི་ཀར་ (Forest Whitaker) ལགས་དང་ཁོང་གི་བུ་མོ་ སོ་ནེཊི་ ཝེ་ཊི་ཀར་ (Sonnet Whitaker) རྣམ་གཉིས་ལ་མཇལ་ཁ་སྩལ་གནང་ཡོད་པ་རེད།
ཡོ་རོབ་སྦལ་ཊིག་མངའ་ཁུལ་ཨིསི་ཊོནི་ཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Juku-Kalle Raid)་ལགས་གཙོས་ཚོགས་མི་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་སྐབས། ༠༤།༢༥།༢༠༢༤
(Dalai Lama Fellows) ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཟིགས་རྟོག་གནང་ཡུལ་གྱི་ལས་གཞིའི་རྣམ་གྲངས་ཁོངས་མཉམ་ཞུགས་བྱེད་མཁན་འཛམ་གླིང་ས་ཕྱོགས་གང་ས་ནས་ཡོང་བའི་གཞོན་སྐྱེས་མི་གྲངས་ ༡༤ ལ་མཇལ་ཁ་སྩལ་པ་དང་། བྱམས་སྙིང་རྗེའི་སྤྱོད་པ་ལ་འཇུག་པ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་པ་ཡང་བྱུང་ཡོད།
ཡང་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཨ་རིའི་ཧར་ཝརཌི་ (Harvard)གཙུག་ལག་སློབ་གྲྭ་ཆེན་མོའི་ཀེ་ནི་ཌི་ (Kennedy) སློབ་གླིང་གི་མི་མང་གི་འགོ་ཁྲིད་དང་། བདེ་སྐྱིད་བརྟག་དཔྱད་ཁང་འགོ་འཛུགས་གནང་མཁན་སྐུ་ཞབས་ཨར་ཐར་ སྦུརུཀསི་ (Arthur Brooks) ལགས་ཀྱིས་སྣེ་ཁྲིད་འོག་དགེ་རྒན་དང་ན་གཞོན་འགོ་ཁྲིད་བཅས་ཁྱོན་མི་གྲངས་ ༣༩ བཞུགས་སྒར་དུ་ཆེད་བཅར་ཞུས་ཏེ་བདག་ལས་འདས་པ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།
༧སྐུའི་འཁྲུངས་སྐར་དང་བཀྲིན་རྗེས་དྲན།
འདས་ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༩ ཕེབས་པའི་༧སྐུའི་འཁྲུངས་སྐར་ཉིན་ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་སྦལེང་ཀེན་མཆོག་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་བཅས་ཀྱི་དབུས་འགོ་ཁྲིད་མང་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུས་ཡོད་པ་དང་། (Asian Buddhist Conference for Peace-ABCP) ཞེས་ནང་པའི་རྒྱལ་ཁབ་ ༣༠ ལས་གྲུབ་པའི་ཨེ་ཤེ་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་ཆེན་ ༡༢ ཐོག་ཕྱི་ལོ་ ༢༠༢༤ ནས་བཟུང་༧སྐུའི་འཁྲུངས་སྐར་ཉིན་མོ་འདི་བཞིན་འཛམ་གླིང་སྙིང་རྗེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་པ་ཡོངས་ཀྱི་དབུ་ཁྲིད་དུ་ངོས་འཛིན་ཞུ་རྒྱུའི་སྤྱི་མོས་ཀྱི་ཐོག་ནས་གྲོས་ཆོད་གཏན་འབེབས་ཞུས་ཡོད་པ་རེད།
བརྟན་བཞུགས་ཀྱི་མཛད་འཕྲིན།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འདས་ལོའི་ནང་བརྟན་བཞུགས་རྒྱས་པ་ཆེ་ཁག་ ༩ ལྷག་བསྟར་འབུལ་ཞུས་ཏེ་༧གང་ཉིད་འགྲོ་བའི་མགོན་དཔུང་དུ་༧སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་ཞུས་ཡོད་ཅིང་། དེ་ཡང་སྟོད་པ་གཞིས་བྱེས་མི་མང་དང་། པུ་ཧྲེང་གཞིས་བྱེས་སེར་སྐྱ་མི་མང་། སྐུ་སྲུང་ཟུར་པ་རྣམས། སྨན་རྩིས་ཁང་གི་འགོ་ལས་རྣམ་པ། གཞུང་ཞབས་ལས་བྱེད་ཟུར་པ། མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་མོན་པ་ལྷ་སྡེ་མི་སྡེ་ཡོངས་བཅས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་དང་། ལྷ་སའི་མཐུན་གྲོགས་རྫོང་ཁག དེ་བཞིན་ཌལ་ཧོར་སློབ་ཟུར་ཚོགས་པ། ཐེ་ཝན་གྱི་རྒྱ་རིགས་དད་ལྡན་པ་ཚོས་༧མགོན་པོ་གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ལ། ཕྱི་ཟླ་ ༡༢ ནང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁུ་ནུའི་དད་ལྡན་པ་ ༡༨༠༠ ལྷག་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་༧མགོན་པོ་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་ཆེད་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་ཡོད་པ་རེད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་བརྒྱ་དང་བཅུ་གྲངས་ལྷག་༧སྐུ་འཚོ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད་པ་རེད།
ཆེ་བསྟོད་གཟེངས་རྟགས།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་བཅས་འཛམ་གླིང་ནང་གི་སྙན་གྲགས་ཆེ་ཤོས་ཀྱི་གཟེངས་རྟགས་ཧ་ཅང་མང་པོ་ཕུལ་ཡོད་ལ། ལོ་ལྟར་འཛམ་གླིང་གང་ས་ནས་རྒྱལ་ཁབ་དང་ཡུལ་ལུང་། ཆེ་མཐོའི་མི་སྣའི་རྗེས་དྲན་གྱི་ཞི་བདེའི་གཟེངས་རྟགས་རྒྱུན་ཆད་མེད་པར་འབུལ་ལམ་ཞུ་བཞིན་ཡོད་པའི་ཁོངས། ༢༠༢༤ ཕྱི་ཟླ་ ༥ པའི་ནང་། རྒྱ་གར་གྱི་སྲིད་བློན་ཟུར་པ་ནར་ཤིམྷ་རའོ་ (P.V Narasihma Rao) ཐེབས་རྩས། ཐེབས་རྩ་ཁང་དེ་ཉིད་ཀྱི་ཞི་བདེའི་གཟེངས་རྟགས་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་གནང་ཡོད་ཅིང་། གཟེངས་རྟགས་ཕུལ་བར་བཅར་བའི་ཁོངས་ནས་རྒྱ་གར་རྒྱལ་ཡོངས་ཀྱི་འཇིགས་སྐུལ་རིང་ལུགས་སྔོན་འགོག་ཁང་གི་འགན་འཛིན་ཨེམ་ཨེས་བྷི་ཊ་ (M.S. Bitta) ལགས་ཀྱིས་སྲིད་བློན་ཟུར་པ་ནར་ཤིམྷ་རའོ་ (P.V Narasihma Rao) ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་མཁན་ཞིག་ཡིན་ཞིང་། སྲིད་བློན་དམ་པ་ཁོང་དེ་སྔ་རྒྱ་གར་གྱི་རྒྱལ་ཁབ་ཆེད་ཕྱག་ལས་གནང་སྐབས། ཁོང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བྱིན་རླབས་ཐོབ་ཡོད་པ་གསུངས་ཡོད་པས། སྲིད་བློན་དམ་པ་ཁོང་གི་ཚ་བོ་འདིར་དངོས་སུ་བཅར་ནས་༸གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་དེ་ཕུལ་ཐུབ་པར་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་ཞེས་འགྲོལ་བརྗོད་གནང་ཡོད།།
གསར་འགོད་པ་དང་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
ཁ་སྣོན་གསར་འགོད་པ་དང་དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲིས།