༢༠༢༤ ལོའི་སྤྱི་ཚོགས་ཀྱི་གལ་ཆེའི་གནས་ཚུལ།
༡) རྩེད་འགྲན་འགྲན་ཞུགས།
རྒྱ་གར་ནང་གི་ལོ་ན་ ༡༩ མན་གྱི་དབྱུག་རྩེད་ (cricket) རྩེད་འགྲན་པའི་ཁྲོད་བོད་པའི་བུ་མོ་རྗེ་བཙུན་ནོར་བུ་ལགས་ཚུད་ཡོད་པ་དང་། འདས་པའི་ལོ་དྲུག་རིང་ཁོང་གིས་འགྲན་བསྡུར་ཆེ་ཁག་ཁ་ཤས་ནང་མཉམ་ཞུགས་གནང་མྱོང་ཡོད་པ་དེ་ནི། བོད་པའི་བུད་མེད་ཁྲོད་ནས་ཐོག་མའི་གྲས་ཤིག་ཆགས་ཀྱི་ཡོད་པ་རེད། དེའི་ཁོངས་ཕྱི་ལོ་ ༢༠༢༣ ལོར་མུམ་བཡེ་ (Mumbai) རུ་ཁག་ནང་རྒྱ་གར་རྒྱལ་ཡོངས་ལོ་བཅུ་དགུ་མན་གྱི་ (ODI) ཉིན་གཅིག་གི་རྩེད་འགྲན་དང་ (T20) ཞེས་པའི་འགྲན་བསྡུར་ནང་དུ་ཡང་མཉམ་ཞུགས་བྱེད་ཡོད་པ་རེད།
༢) བོད་ཀྱི་མཛངས་མ་དང་རྒྱ་ནག་གི་གནོན་ཤུཊ།
ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་མཁན་བསྟན་འཛིན་དཔལ་སྒྲོན་ལགས་ཕྱི་ཟླ་ ༡ པོར་ཁམ་བྷོ་ཌི་ཡ་ (Cambodia) ནང་གོ་ལའི་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་ཀྱིས་རྩེར་སོན་མཛངས་མ་ ༢༥ ཁོངས་སུ་ཚུད་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁུལ་དེའི་སྲིད་བློན་གཙོས་འགྲན་བསྡུར་གོ་སྒྲིག་ཚོགས་ཆུང་ལ་གནོན་ཤུགས་ཆེན་པོ་སྤྲད་དེ་ཁོང་མོར་འགྲན་བསྡུར་ཁྲོད་བོད་ཀྱི་མིང་བྱང་གྱོན་མི་ཆོག་པ་དང་། བོད་རྒྱལ་ལོ་ཞེས་གསུངས་མི་ཆོག་པ། བོད་ཀྱི་རྒྱལ་དར་བསྣམས་མི་ཆོག་པ། དེ་བཞིན་བོད་ཆས་གྱོན་མི་ཆོག་པ་སོགས་ཀྱི་བཙན་བཀའ་བཏང་ཡོད་པ་མ་ཟད། བོད་དང་ཐེ་ཝན་གཉིས་ཀྱི་མཛངས་མས་རྒྱལ་སྤྱིའི་འགྲན་ཚོགས་སུ་ཞུགས་འདོད་ཡོད་ཚེ་རྒྱ་ནག་མི་སེར་གྱི་མིང་ཐོག་ནས་མཉམ་ཞུགས་བྱ་དགོས་པ་སོགས་ཀྱི་ཆ་རྐྱེན་བཏོན་ཡོད་པ་མངོན་གསལ་བྱུང་སྟེ་ཁོང་མོའི་ཆ་རྐྱེན་དེ་དག་ལ་མོས་མཐུན་གནང་མེད་སྟབས་གོ་སྒྲིག་ཚོགས་ཆུང་གིས་འགྲན་བསྡུར་ཁྲོད་ནས་ཕྱིར་འབུད་བཏང་ཡོད་པ་རེད།
༣) ༧སྐུའི་གཅུང་མོ་རྗེ་བཙུན་པདྨ་ལཊ་སུ་ཆེ་བསྟོད།
ཨ་རིར་རྟེན་གཞི་བྱས་པའི་རེན་ཌོལཕི་ (Randolph) མཐོ་སློབ་ཀྱིས་རྒྱལ་སྤྱིའི་ཐོག་སྤྱི་ཚོགས་ཀྱི་བདེ་དོན་དང་། བུད་མེད་དང་ཕྲུ་གུའི་རང་དབང་སྲུང་སྐྱོབ། དེ་བཞིན་ཤེས་ཡོན་གོང་འཕེལ་སོགས་ཀྱི་ཐོག་ལ་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་རྣམས་ལ་པརལི་སྦརཀི་ (Pearl S. Buck) གི་མཚན་གནས་རྗེས་དྲན་གྱི་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུ་སྲོལ་ཡོད་པ་ལྟར། ༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་ལགས་ཀྱིས་ད་བར་བཙན་བྱོལ་ནང་གི་བོད་ཕྲུག་ཚོའི་ཤེས་ཡོན་དང་བདེ་དོན་ཆེད་བློས་གཏོང་ཆེན་པོས་ཕྱག་ལས་གནང་བར་ཕྱི་ལོ་ ༢༠༢༤ གཟེངས་རྟགས་དེ་ཁོང་ལ་ཕུལ་ཡོད་པ་རེད།
༤) བོད་ཀྱི་རྒྱལ་དར་སྒྲེང་འཛུཊ།
ཨ་རིའི་ནིའུ་འཇར་སི་ (New Jersey) ཁྱབ་ཁོངས་སྦེ་ལེ་ཝིལ་ (Belleville) གྲོང་སྡེ་སྤྱི་ཁྱབ་ཀྱི་གྲོང་སྡེའི་ཚོགས་ཁང་ནང་བོད་ཀྱི་ལོ་གསར་དང་བསྟུན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བརྒྱུད་ལོ་གསར་སྲུང་བརྩི་ཞུས་ཡོད་པ་རེད་ལ། ཨ་རིའི་ནིའུ་ཡོག་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱིས་འགོག་རྒོལ་བྱས་ཡོད་པ་རེད། འོན་ཀྱང་སྤྱི་ཁྱབ་པ་མཡེཀལ་མེལ་ཧམ་ (Michael Melham) ལགས་ཀྱིས། “སྤྱིར་བཏང་ང་ཚོའི་གྲོང་སྡེའི་ནང་གནས་སྡོད་བྱེད་མཁན་མི་རིགས་འདྲ་མིན་གྱི་རིག་གཞུང་དང་།
ཡུལ་སྲོལ་གོམ་གཤིས། ངོ་བོ་སྲུང་སྐྱོབ་བཅས་ལ་དུས་རྒྱུན་དུ་གུས་བརྩི་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། རྒྱ་ནག་གི་གནོན་ཤུགས་སྤྲད་པ་དེ་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ལ། ད་རེས་གྲོང་སྡེ་སྤྱི་ཁྱབ་པས་རྒྱ་ནག་གི་གནོན་ཤུགས་ལ་ངོས་ལེན་མ་བྱས་པར་ས་གནས་སུ་གནས་སྡོད་བྱེད་མཁན་བོད་མི་ཚོར་རྒྱབ་སྐྱོར་མཚོན་བྱེད་གྲོང་སྡེ་ལྷན་ཁང་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་ལ། མ་འོངས་པར་མུ་མཐུད་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་སོགས་ཀྱིས་མཚོན་བོད་མི་ཚོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་” ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།

རྒྱ་གར་གྱི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་བོད་ཀྱི་རྒྱལ་དར་ཕྱར་མཁན་བདེ་སྐྱིད་དཔལ་འཛོམས་ལགས།

རྒྱ་གར་བྱང་ཤར་བྷེང་གྷལ་མངའ་སྡེའི་རྡོ་རྗེ་གླིང་གྲོང་ཁྱེར་དུ་གནས་སྡོད་བོད་པའི་རྒྱང་རྒྱུག་ལུས་རྩལ་པ་ཟླ་བ་ནོར་བུ་ལགས་དང་། ཁོང་གི་གཟའ་ཟླ་བདེ་སྐྱིད་དཔལ་འཛོམས་ལགས་གཉིས་ཉེ་ཆར་རྒྱ་གར་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏ་རུ་ (Tata Steel) གྱིས་གོ་སྒྲིག་ཞུས་པའི་རྒྱ་གར་རྒྱལ་ཡོངས་རྒྱང་རྒྱུག་འགྲན་བསྡུར་ནང་མཉམ་ཞུགས་ཀྱིས་བདེ་སྐྱིད་དཔལ་འཛོམས་ལགས་ཀྱིས་ཨང་རིམ་བཞི་པ་བླངས་ཡོད་པ་མ་ཟད། ཁོང་གཉིས་ཀྱིས་བོད་རྒྱལ་ཁབ་ཀྱི་དོན་དུ་བོད་ཅེས་བྲིས་བའི་སྟོད་ཐུང་གྱོན་པ་དང་། འགྲན་བསྡུར་སྐབས་མི་ཚོགས་མང་པོའི་དཀྱིལ་དང་རྒྱལ་སྤྱིའི་གསར་ལམ་དང་བརྙན་འཕྲིན་ཐད་གཏོང་གི་པར་ཆས་ཡོད་སར་སླེབས་སྐབས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་ཕྱར་ཏེ་བོད་དོན་དྲིལ་བསྒྲགས་གནང་བའི་བརྙན་པར་སོགས་སྤྱི་ཚོགས་དྲྭ་ལམ་དང་རྒྱ་གར་རྒྱལ་ཡོངས་ཀྱི་བརྙན་འཕྲིན་སོགས་སུ་ཁྱབ་ཆེ་ཕྱིན་ནས་བོད་མི་མང་ཚོགས་ཁྲོད་དགའ་མོས་དང་བསྔགས་བརྗོད་ཤུགས་ཆེ་ཐོབ་ཡོད་པ་རེད།
གསར་འགོད་པ་དང་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
ཁ་སྣོན་གསར་འགོད་པ་དང་དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲིས།