རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ཐད་འབོད་སྐུལ་གནང་རྒྱུ་ཡིན།
2014.03.18

ཨ་མི་རི་ཀའི་གཞུང་ཚབ་ཆེན་མོས་རྒྱ་ནག་ལ་ཚོང་ལས་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་ཐད་འབོད་སྐུལ་གནང་རྒྱུ་ཡིན་པ་གསུངས་འདུག
དེ་ཡང་གསར་དུ་བསྐོ་བཞག་བྱུང་བའི་རྒྱ་ནག་ཏུ་བཅའ་བཞུགས་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་སྐུ་ཞབས་Max Baucusལགས་རྒྱ་ནག་ལ་འབྱོར་ཏེ་དུས་ཡུན་ཆུ་ཚོད་ཉི་ཤུ་རྩ་བཞི་མ་སོང་བའི་སྔོན་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ནི་འཛམ་གླིང་གི་འབྲེལ་ལམ་གལ་འགངས་ཆེ་ཤོས་དེ་ཡིན་པ་དང་། ཕྱོགས་གཉིས་ཀའི་ངོས་ནས་གནད་དོན་འདི་ངོས་འཛིན་ཐུབ་པ་དགོས་གལ་ཆེ་བ་གསུངས་འདུག ད་དུང་ཁོང་གིས་རྒྱ་ནག་གི་ཁྲོམ་རྭའི་ནང་ཨ་མི་རི་ཀའི་ཚོང་པ་ཚོར་གོ་སྐབས་དང་དཀའ་ངལ་འཕྲད་ཡུལ་རྣམས་གསལ་སྟོན་གནང་པ་དུས་མཚུངས། རྒྱ་ནག་གི་ངོས་ནས་ཕན་ཚུན་གཉིས་ཕན་གྱི་བསམ་བློ་ལྡན་ཞིང་། ཨ་མི་རི་ཀའི་ཚོང་པ་ཚོར་རྒྱ་ནག་གི་ཚོང་པ་དང་མཉམ་དུ་དྲང་བདེན་གྱི་འགྲན་བསྡུར་བྱེད་ཐུབ་པའི་ཚོང་གི་ཁོར་ཡུག་ཅིག་བསྐྲུན་དགོས་རྒྱུར་རེ་འདུན་བྱེད་ཀྱི་ཡོད་པ་གསུངས་འདུག ལྷག་པར་དུ་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་དང་ཡོངས་ཁྱབ་འགྲོ་ལུགས། ཁྲིམས་སྲོལ་བཅས་ལ་རྒྱབ་སྐྱོར་དགོས་རྒྱུར་ཛ་དྲག་གི་འབོད་བསྐུལ་གནང་རྒྱུ་ཡིན་པ་གསུངས་འདུག་ལ། ཁོང་གིས་རྒྱལ་སྤྱིའི་ཐོག་ནས་གཏན་འབེབས་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་འགྲོ་ལུགས་འདི་དག་ལ་བརྩི་བཀུར་བྱ་རྒྱུ་དེས་ང་ཚོ་ཚང་མར་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུངས་འདུག
གསརའགོད་པ་སྐལ་ལྡན་བློ་གྲོས།