ཇི་མི་ཀ་ཊར་བལ་ཡུལ་དུ་ཕེབས་པ།

2013-11-16
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་སྲིད་འཛིན་ཟུར་པ་ཇི་མི་ཀ་ཊར་མཆོག་བལ་ཡུལ་རྒྱལ་ཡོངས་འོས་བསྡུ་རྟོག་ཞིབ་ཆེད་བལ་ཡུལ་དུ་ཕེབས་འབྱོར་གནང་ཡོད་པ།
ཨ་རིའི་སྲིད་འཛིན་ཟུར་པ་ཇི་མི་ཀ་ཊར་མཆོག་བལ་ཡུལ་རྒྱལ་ཡོངས་འོས་བསྡུ་རྟོག་ཞིབ་ཆེད་བལ་ཡུལ་དུ་ཕེབས་འབྱོར་གནང་ཡོད་པ།
ཨེ་ཨེཕ་པི།

༄༅༎གཟའ་འཁོར་རྗེས་མར་བལ་ཡུལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟིན་བྲིས་ཀྱི་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་ལས་དོན་ཚགས་ཚུད་ཀྱི་རྟོག་ཞིབ་ཆེད། ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇི་མི་ཀ་ཊར་གཟའ་སྤེན་པའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུར་ཕེབས་འབྱོར་གནང་འདུག།
དགུང་གྲངས་ ༨༩ ལ་ཕེབས་པའི་སྲིད་འཛིན་ཟུར་པ་ཀ་ཊར་གྱི་སྣེ་འཁྲིད་འོག་འོས་བསྡུའི་ལས་དོན་ཆེད་ཞིབ་རྟོག་པ་ལྔ་བཅུ་ཙམ་མཉམ་འཁྲིད་གནང་ཡོད་ཅིང་། གཟའ་མིག་དམར་ཉིན་གཉེར་རྒྱུའི་བལ་ཡུལ་རྒྱལ་ཡོངས་ཀྱི་འོས་བསྡུ་དེ་ནི་ཕྱི་ལོ་ ༢༠༠༦ ལོར་བལ་ཡུལ་གྱི་ལོ་བཅུའི་དུས་ཡུན་གྱི་ནང་འཁྲུག་མཇུག་བསྒྲིལ་ཟིན་པའི་རྗེས་ཀྱི་འོས་བསྡུ་ཐེངས་གཉིས་པ་དེ་ཆགས་རྒྱུ་ཡིན་པ་རེད།
ཨ་མི་རི་ཀའི་གྲོང་ཁྱེར་ཨེཊ་ལེན་ཊིཀ་ནང་རྟེན་གཞི་བྱེད་པའི་ཀ་ཊར་ལྟེ་གནས་ཁང་གི་ཆབ་སྲིད་ཞིབ་འཇུག་པ་ Ganashyam Ojha ས་འོས་བསྡུའི་སྔོན་སྲིད་འཛིན་ཟུར་པ་ཀ་ཊར་གྱིས་བལ་ཡུལ་གྱི་སྲིད་དོན་ཚོགས་པ་འདྲ་མིན་གྱི་འགོ་འཁྲིད་ཆེ་ཁག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་གསུངས་འདུག།
ཕྱི་ལོ་ ༢༠༠༨ ལོར་བལ་ཡུལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟིན་བྲིས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་བྱས་པའི་རྗེས་བལ་ཡུལ་རྒྱལ་པོའི་རིང་ལུགས་མཇུག་བསྒྲིལ་ཞིང་། འོན་ཀྱང་སྲིད་དོན་ཤོག་ཁག་ནང་ཁུལ་འཁྲུག་རྩོད་ཀྱི་དབང་གིས་རྩ་ཁྲིམས་གསར་བཟོའི་ལས་དོན་གྲུབ་ཐུབ་མེད་ལ། རྩ་ཁྲིམས་ཟིན་བྲིས་ཀྱི་གྲོས་ཚོགས་དེ་ཡང་ཕྱིར་བསྡུ་བྱ་དགོས་བྱུང་བར་མ་ཟད། གཞུང་འཛིན་སྐྱོང་བྱ་མཁན་གྱི་སྲིད་དོན་ཚོགས་པ་ཡང་མེད་པར་གྱུར་ཏེ། བལ་ཡུལ་གྱི་བར་བརྒལ་གཞུང་དེ་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་ཆེ་བའི་སྟངས་འཛིན་འོག་གནས་ཡོད་པ་རེད། བལ་ཡུལ་མའོའི་དམར་ཤོག་ཚོགས་པས་སྣེ་འཁྲིད་པའི་སྲིད་དོན་ཤོག་ཁག་ཆུང་ཁག་ ༣༣ གྱིས་སྲིད་དོན་ཤོག་ཁག་ཆ་བགོས་ཀྱི་ཐོག་ནས་འཛིན་སྐྱོང་བྱེད་པའི་གཞུང་ཞིག་མ་བྱུང་བར་འོས་བསྡུ་ཕྱིར་རྒྱང་བྱེད་དགོས་པ་བརྗོད་བཞིན་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་གཟའ་པ་སངས་ཉིན་བལ་ཡུལ་གྱི་མཁྲེགས་བཟུང་སྲིད་དོན་ཚོགས་པ་ཚོར་དམིགས་པའི་སྤྱིར་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། འོས་བསྡུ་རང་དབང་ལྡན་ཞིང་། འཇིགས་བསྐུལ་གྱི་རྣམ་པ་མེད་པའི་ཁོར་ཡུག་ཅིག་གི་ཐོག་ནས་གཉེར་འཇུག་དགོས་པ་གསུངས་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།