༄༅༎གཟའ་འཁོར་འདིའི་ནང་ཨིན་ཡུལ་དུ་གནས་སྡོད་བྱེད་མཁན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་ཚོར་བོད་ཀྱི་གནས་སྟངས་ངོ་སྤྲོད་དང་བོད་དོན་ཐོག་རྒྱབ་སྐྱོར་ཡོང་ཐབས་ཀྱི་འབོད་སྐུལ་ཞུ་བའི་འདི་ལོའི་ལས་འགུལ་སྤེལ་ཏེ་གྲོས་ཚོགས་ཀྱི་འཐུས་མི་ཚོར་ཨིན་ཇིའི་སྲིད་བློན་ལ་བོད་ཀྱི་གནད་དོན་གླེང་སློང་གནང་དགོས་པའི་གནོན་ཤུགས་སྤྲོད་ཐབས་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
ཨིན་ཡུལ་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨིན་ཇིའི་གྲོས་ཚོགས་ཀྱི་འཐུས་མིར་བོད་དོན་ངོ་སྤྲོད་དང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་བའི་ལས་འགུལ་དེ་སྤེལ་ནས་འདི་ལོས་ལོ་ངོ་ལྔ་འགྲོ་ཡི་ཡོད་པ་དང༌། འདི་ལོའི་ལས་འགུལ་དེའི་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་བ་མི་གྲངས་༣༠༠ ཙམ་མཉམ་ཞུགས་གནང་མཁན་བྱུང་བ་མ་ཟད། ཕྱི་ཟླ་༣ཚེས་༡༣ རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་ཀྱི་འཐུས་མི་དངོས་སུ་མཇལ་འཕྲད་བྱུང་བ་དང་ཡང་ན་དངོས་སུ་མཇལ་འཕྲད་མ་བྱུང་བ་ཚོར་འཐུས་མིའི་ལས་ཁུངས་སུ་བོད་དོན་ཞུ་ཡིག་དབུལ་རྒྱུ་བྱུང་བ་བཅས་ཁྱོན་གྲོས་ཚགས་ཀྱི་འཐུས་མི་༡༥༠ བྱུང་ཡོད་པ་རེད། ད་རེས་ཀྱི་ལས་འགུལ་དེ་གོ་སྒྲིག་གནང་མཁན་གྱིས་གསུངས་པར། འདི་ལོའི་ལས་འགུལ་དེའི་ཐོག་གྲོས་ཚོགས་ཀྱི་འཐུས་མིར་འབོད་སྐུལ་ཞུ་རྒྱུའི་གནད་དོན་གཙོ་བོ་དེ། གྲོས་ཚོགས་ཀྱི་འཐུས་མི་ཚོས་ཨིན་ཇིའི་སྲིད་བློན་སྐུ་ཞབས་Devid Cameron མཆོག་ལ། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་ཡོད་པའི་སྤྱི་བསྒྲགས་ཤིག་སྤེལ་རྒྱུ་དང༌། ཨིན་ཇི་གཞུང་གིས་འཛམ་གླིང་གི་རྒྱལ་ཁབ་གཞན་དང་མཉམ་ལས་གནང་སྟེ། བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཐབས་གནང་རོགས་ཅེས་འབོད་སྐུལ་ཞུས་ཡོད་པ་དང༌། གྲོས་ཚོགས་ཀྱི་འཐུས་མི་ཚོས་ཀྱང་བོད་མིའི་རེ་སྐུལ་རྣམས་ལག་ལེན་དུ་འཁྱོལ་ཐབས་གནང་རྒྱུའི་ཞལ་བཞེས་གནང་བ་མ་ཟད། ན་ནིང་ཕྱི་ཟླ་༡༢ པའི་ནང་ཨིན་ཇིའི་གྲོས་ཚོགས་ཐོག་བོད་དོན་གླེང་སློང་དང་བགྲོ་གླེང་གནང་ཡོད་པ་ལྟར་སླར་ཡང་གྲོས་ཚོགས་ཐོག་བོད་དོན་བགྲོ་གླེང་གནང་རྒྱུ་ཡིན་ཞེས་ཞལ་བཞེས་གནང་ཡོད་པ་རེད༎
