དགེ་བཤེས་མའི་རྒྱུགས་སྤྲོད་དང་པོ།

༄༅། །ཕྱི་ལོ་ཟླ་ ༥ ཚེས་ ༢༢ ཉིན་དྷ་ས་བཞུགས་སྒར་གྱི་ཉེ་འགྲམ་བཙུན་དགོན་འཇམ་དབྱངས་ཆོས་གླིང་དུ་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་གོ་སྒྲིག་འོག་དགེ་བཤེས་མའི་རྒྱུགས་སྤྲོད་རིམ་པ་དང་པོའི་ཉིན་གསུམ་པ་དེ་འགྲོ་བཞིན་འདུག དེ་ཉིན་བཙུན་དགོན་འཇམ་དབྱངས་ཆོས་གླིང་གི་འདུ་ཁང་ཆེན་མོའི་ནང་གདན་ས་ཁག་གི་དགེ་བཤེས་ལྷ་རམས་པ་བཞི་དབུ་བཞུགས་ཐོག་ཕར་ཕྱིན་རྩོད་རྒྱུགས་བཙུན་མ་རེས་ཡར་བཞེངས་ཏེ་འབུལ་བཞིན་ཡོད་པ་དང་།
ད་ཐེངས་ལོ་རྒྱུས་རང་བཞིན་ལྡན་པའི་རིམ་པ་དང་པོའི་དགེ་བཤེས་མའི་རྩོད་རྒྱུགས་འདིའི་ནང་བཙུན་དགོན་འཇམ་དབྱངས་ཆོས་གླིང་དང་། སྒྲོལ་མ་གླིང་བཙུན་དགོན། དགེ་ལྡན་ཆོས་གླིང་བཙུན་དགོན། རྒྱ་གར་ལྷོ་ཕྱོགས་བྱང་ཆུབ་ཆོས་གླིང་བཙུན་དགོན། བལ་ཡུལ་མཁའ་སྤྱོད་དགའ་འཁྱིལ་གླིང་བཅས་བཙུན་དགོན་ཁག་ལྔ་ནས་བཙུན་མ་གྲངས་ ༢༧ རྒྱུགས་སྤྲོད་ནང་ཞུགས་གནང་འདུག་པ་དང་ལོ་བཞིའི་རིང་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གྱི་ལོ་རེའི་རྒྱུགས་སྤྲོད་བརྒྱ་ཆ་ལོན་པ་རྣམས་ལ་ལོ་བཞིའི་རྗེས་མཐའ་མའི་རྒྱུགས་སྤྲོད་ལོན་ཟིན་མཚམས་དགེ་བཤེས་མའི་ཕྱག་འཁྱེར་གནང་འཆར་ཡོད་འདུག