༄༅༎འདས་པའི་ཉིན་འགའི་ནང་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་ ༥༠༠ ཙམ་ལ་གནོད་སྐྱོན་བཏང་ཡོད་པ་དང་། གནོད་སྐྱོན་གཏོང་མཁན་མི་སྒེར་དང་ཚོགས་པའམ་ཡང་ན་སྡེ་ཚན་གང་འདྲ་ཡིན་མིན་ཁ་གསལ་མེད་ཀྱང་། རྒྱ་མི་ཡིན་པའི་སྟེང་ནས་རྒྱ་གཞུང་གི་དྲ་རྒྱར་གནོད་སྐྱོན་གཏོང་དགོས་པའི་རྒྱུ་མཚན་དང་། ངོ་རྒོལ་དེར་རྒྱ་ནག་མི་མང་གིས་མཉམ་ཞུགས་དང་རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒོལ་བྱ་དགོས་པའི་སྐུལ་དེད་ཀྱང་བྱས་ཡོད་འདུག
གནོད་སྐྱོན་བྱས་པའི་དྲ་རྒྱ་ཁག་ཅིག་གི་མདུན་ངོས་སུ་ཚོན་མདངས་ནག་པོ་ཤར་ཡོད་པ་དང་། དེའི་སྟེང་བརྩེ་བའི་རྒྱ་ནག་གཞུང་། ཁྱེད་ཚོ་དུས་ནམ་ཡང་མར་འགྱེལ་མི་སྲིད་པའི་རྟག་བརྟན་ཞིག་མིན། དེ་རིང་ཁྱེད་ཚོའི་དྲ་རྒྱར་གཏོར་རྒོལ་བྱས་ཡོད།སང་ཉིན་གཏོར་རྒོལ་འདི་ཁྱེད་ཚོའི་སྟེང་དུ་བསླེབ་ངེས་པས། སྐབས་དེར་གདུག་རྩུབ་ཅན་གྱི་གཞུང་འདི་མགོ་རྟིང་སློག་གི་རེད།" ཅེས་བྲིས་ཡོད་པ་མ་ཟད། ཉེན་བརྡ་གཞན་ཁག་ཅིག་ཏུ་དེ་རིང་ཁྱེད་ཚོས་(རྒྱ་གཞུང་) སོ་སོའི་རླབས་ཆེ་བའི་མང་ཚོགས་ལ་དྲག་གནོན་སྡུག་གཅོད་གང་བྱེད་བཞིན་པ་དེ། སང་ཉིན་ཁྱེད་ཚོའི་མགོ་ཐོག་ཏུ་ཡོང་ངེས་རེད། སྐབས་དེར་ཡ་ང་སྙིང་རྗེ་མེད་པ་ཞིག་འབྱུང་ངེས།"ཞེས་བཀོད་ཡོད་པ་དང་། དེ་བཞིན་"ང་ཚོས་མང་ཚོགས་ཀྱི་མངོན་འདོད་ལྟར་རྒྱ་ནག་དམར་པོའི་གཞུང་ལ་གསར་བརྗེ་ངོ་རྒོལ་བྱེད་ཀྱི་ཡོད། ཚང་མས་སོ་སོ་རང་དབང་གི་མི་རེ་བྱས་ཏེ་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་དང་གྱེན་ལངས་བྱོས།" ཞེས་མང་ཚོགས་ལ་སྐུལ་སློང་གི་ཡི་གེ་བྲིས་ཡོད་འདུག་ ཁ་སང་ཕྱི་ཚེས་ ༥ ཉིན་རྒྱ་ནག་རྒྱལ་ཡོངས་གློག་ཀླད་དྲ་གནས་ཛ་དྲག་སྡེ་ཚན་གྱིས་ཕྱོགས་ཡོངས་ནས་གནོད་སྐྱོན་བཏང་ཟིན་པའི་གཞུང་འབྲེལ་དྲ་རྒྱ་དག་བསྐྱར་བཟོ་བྱེད་པར་བྲེལ་འཚུབ་བྱུང་ཡོད་པ་མ་ཟད། གནད་དོན་དེའི་ཐད་སྐད་ཆ་གང་ཡང་བཤད་མེད་ཀྱང་། རྒྱ་ནག་གཞུང་གིས་གཞུང་འབྲེལ་དྲ་རྒྱར་གཏོར་རྒོལ་བྱུང་པར་ངོས་ལེན་བྱས་མི་འདུག་འོན་ཀྱང་། དྲ་རྒྱ་གཏོར་རྒོལ་གཏོང་མཁན་གྱི་ཐོ་གཞུང་ནང་ཡོད་པའི་རྒྱ་གཞུང་གི་དྲ་རྒྱ་ཁག་ཁ་ཕྱེ་མི་ཐུབ་པའམ། ཁ་ཕྱེ་ཐུབ་པ་དག་གི་མདུན་ངོས་སུ་གོང་གི་ཡི་གེ་དེ་དག་ཤར་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།
