༄༅། །དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནས་དེ་རིང་ཕྱི་ཚེས་༢༣ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གི་སྐབས་དགུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཡིན་པ་དང་། ཆབ་མདོ་ས་ཁུལ་སྲིད་ཁྲིམས་ཐིང་གི་དྲུང་ཆེ། ཆབ་མདོ་ས་ཁུལ་སྤྱི་བདེ་ཁྲུའུ་ཡི་དྲུང་ཆེ་བཅས་ཡིན་པའི་ལིའི་གཡུས་ཆོན་ནས་འཆར་གཞི་དང་དམིགས་ཡུལ་ཡོད་པའི་ཐོག་ནས་རྒྱ་ནག་དམག་མི་ལས་བསྒྱུར་དང་སྤྱི་བདེའི་ཉེན་རྟོག་པ་ཡིན་པའི་མི་གཅིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སོ་མྱུལ་དུ་བཏང་སྟེ་༸གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་བྱས་པས་མ་ཟད། བཙན་བྱོལ་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནས་ཚུལ་སོགས་ཀྱང་མཁོ་སྒྲུབ་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ཞི་རྒོལ་བྱུང་རྗེས་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིས་འཇིགས་སྐུལ་དང་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པའི་ཉེས་འཛུགས་བྱས་ཀྱང་དཔང་རྟགས་གང་ཡང་མེད་སྟབས་སོ་མྱུལ་དེར་བཙན་བྱོལ་སྤྱི་ཚོགས་ནས་དྲག་སྤྱོད་དང་འཇིགས་སྐུལ་གྱི་ལས་འགུལ་སྤེལ་འཆར་ཡོད་མེད་རྟོགས་ཞིབ་བྱ་རྒྱུའི་མངགས་ཆ་བྱས་པ་དང་། སླར་ཡང་སྔ་ལོ་ཕྱི་ལོ་ ༢༠༡༢ ལོར་ལིའི་གཡུས་ཆོན་གྱིས་སོ་མྱུལ་པ་དེ་བལ་ཡུལ་དུ་ཐེངས་གཉིས་བསྟུད་མར་སྐད་བཏང་སྟེ་བོད་མི་གཉིས་དམར་གསོད་གཏོང་རྒྱུའི་ཆེད་དུག་རྫས་མི་འདྲ་བ་ཁག་གསུམ་བེད་སྤྱོད་བཏང་སྟེ་དམར་གསོད་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་རྒྱུའི་ལས་འགན་སྤྲད་ཡོད་པ་དང་། བལ་ཡུལ་རང་དུ་དུག་གི་ནུས་པ་བརྟག་དཔྱད་སླད་བྱ་དེ་གཅིག་དང་ཁྱི་ཕྲུག་གཉིས་ལ་ཚོད་ལྟའང་བྱས་ཡོད། དེ་ལྟར་རྒྱ་ནག་གཞུང་གི་གསང་ལས་ཚན་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་མཛད་འཕྲིན་དང་འབྲེལ་བའི་གནས་ཚུལ་འཚོལ་སྒྲུབ་དང་། བཙན་བྱོལ་བོད་མི་ནང་ཁུལ་སྔར་བྱུང་མྱོང་མེད་པ་དམར་གསོད་ཀྱི་དོན་རྐྱེན་ཚབས་ཆེའི་དྲག་སྤྱོད་ལས་འགུལ་སྤེལ་ཆེད་མངགས་གཏོང་ལྟར་ཁོ་པའི་ངོས་ནས་ཀྱང་དེ་དོན་ལག་བསྟར་འབད་བརྩོན་བྱེད་པའི་སྐབས་སུ་བོད་འབྱོར་ཁམས་འབྲི་རུ་རྫོང་ཁོངས་ནས་ཡིན་པ་བཀྲིས་རྒྱལ་མཚན་༼མིང་གཞན་བཀྲིས་དོན་གྲུབ་༽དང་ཁམས་སྡེ་དགེ་དཔལ་སྤུངས་ཤང་ནས་ཡིན་པ་ཀརྨ་ཡེ་ཤེས་༼མིང་གཞན་བཀྲིས་༽གཉིས་ནས་ཁོ་པའི་གནས་ཚུལ་ཤེས་རྟོགས་བྱུང་སྟེ་ཉེས་ཅན་ལག་ཐོག་ནས་བཟུང་སྟེ་བདེ་སྲུང་ལས་ཁུངས་སུ་ཐེར་འདོན་རྩིས་སྤྲོད་གནང་ཡོད་པ་ལྟར། ཁོང་གཉིས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་བསྔགས་བརྗོད་དང་ལེགས་སོ་ཞུ་རྒྱུ་ཡིན་སྐོར་གསལ་བསྒྲགས་དེའི་ནང་བཀོད་འདུག།
