བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ བོད་ནང་རང་ལུས་མེར་བསྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་དེ་ནི་ཆབ་སྲིད་ཀྱི་གནད་དོན་ཧ་ཅང་ཛ་དྲག་ཅན་ཞིག་ཡིན་སྐོར་རྒྱ་གར་གྱི་གསར་ཤོག་The Hindu ལ་བཀའ་གནང་འདུག།
གོང་ཞུས་རྒྱ་གར་གྱི་གསར་ཤོག་དེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ནང་ད་བར་བོད་མི་༤༠ལྷག་གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་པའི་ཐད་༧གོང་ས་མཆོག་གི་དགོངས་ཚུལ་བཀའ་དྲི་དགོངས་སྐོར་ཞུས་པར།
༧གོང་ས་མཆོག་གིས་གནད་དོན་དེའི་ཐད་ལེགས་ཉེས་ཀྱི་བཀའ་གནང་མཁྱེན་ཡག་མེད་པར། བར་གནས་ལ་ཞུགས་ན་ལེགས་ཚུལ་བཀའ་ལན་གནང་འདུག།
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་སྐབས་འདིར་དངོས་ཡོད་གནས་ཚུལ་ནི། ངས་དེ་ལྟར་མ་བྱེད་རོགས་ཅེས་བཤད་པ་ཡིན་ན་རྒྱ་ནག་གིས་ལམ་སེང་ང་ལ་སྐྱོན་བརྗོད་བྱེད་ཀྱི་རེད། གལ་ཏེ་ངས་བྱེད་སྟངས་དེ་མ་འགྲིག་པ་རེད་ཞུས་ན་རང་སྲོག་བློས་གཏོང་བྱེད་མཁན་དེ་ཚོའི་ནང་མི་ཁྱིམ་ཚང་ཚོ་ཧ་ལས་པའི་སེམས་པ་སྐྱོ་པོ་ཡོང་གི་རེད། ཁོང་ཚོས་རང་སྲོག་བློས་གཏོང་བྱས་པ་དེ་ལས་སླ་པོ་ཞིག་རྩ་བ་ནས་མ་རེད། འདི་འདྲ་སོང་ཙང་གོ་བ་ལོག་གྲུབ་ཡོང་གཞིའི་མཐོང་ཚུལ་རིགས་བཟོ་འདོད་མི་འདུག་ཅེས་༧གོང་ས་མཆོག་གིས་རྒྱ་གར་གསར་ཤོག་The Hindu ལ་བཀའ་ལན་གནང་འདུག།
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ རྒྱ་ནག་གཞུང་ལ་བོད་ནང་གི་གནས་སྟངས་ཐོག་ཞིབ་འཇུག་གཏིང་ཟབ་པོ་ཞིག་བྱ་དགོས་རྒྱུའི་ནན་སྐུལ་གནང་སྟེ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ནོར་འཁྲུལ་མེད་མདོག་མདོག་བྱས་ནས་བསྡད་ན་འགྲིག་གི་མེད་པའི་སྐོར་བཀའ་གནང་བཞག།
༧པའི་ཚེས་༦ཉིན་གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་རྒྱ་གར་གྱི་གསར་ཤོག་The Hinduའི་གསར་འགོད་པ་བཞུགས་སྒར་ཕོ་བྲང་དུ་ངོས་བཅར་ཞུས་ནས་གོང་ཞུས་བཀའ་འདྲི་དགོངས་སྐོར་དེ་ཞུས་ཡོད་ཅིང༌། བོད་པའི་འཐབ་རྩོད་ལ་དཀའ་ངལ་གསར་པ་འཕྲད་ཀྱི་ཡོད་པ་དང༌། ༧གོང་ས་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་རྩོད་ལེན་བྱེད་ཡག་དེ་བོད་དོན་བདེན་མཐའ་སེལ་བའི་ཐབས་ལམ་བཟང་ཤོས་དེ་ཡིན་སྐོར་བཀའ་འགྲེལ་གནང་བ་དང་ཆབས་ཅིག། ༧གོང་ས་མཆོག་དགུང་གྲངས་༩༠ཐམ་པར་ཕེབས་སྐབས་སྐུའི་ཡང་སྲིད་རྩད་གཅོད་ཞུ་ཕྱོགས་ཐད་བཀའ་གསལ་པོ་ཞིག་གནང་རྒྱུ་ཡིན་སྐོར་བཀའ་གནང་བཞག།