༄༅། །བོད་རང་དབང་ལས་འགུལ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་གནང་བའི་བརྒྱུད། གསར་དུ་བསྐོ་གཞག་གནང་བའི་ཚོགས་པའི་འགན་འཛིན་ལྕམ་Eleanor Rosengren ལགས་ནི། ཕྱི་ལོ་ ༡༩༩༠ཙམ་ནས་བཟུང་བོད་རང་དབང་ལས་འགུལ་ཚོགས་པའི་ཚོགས་མི་ཡིན་པ་དང་། ཁོང་ཚོགས་པའི་འགན་འཛིན་དུ་བསྐོ་གཞག་མ་གནང་གོང་རྒྱལ་སྤྱིའི་ཁྲིམས་ལུགས་ལྟེ་གནས་ཞེས་པའི་ཨིན་ཡུལ་གྱི་ཉམས་ཞིབ་ལྟེ་གནས་ཁང་དང་། Burmaའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལོ་རྒྱུས་ཉར་ཚགས་སྡེ་ཚན་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མང་པོའི་ནང་ལོ་མང་ཕྱག་ལས་གནང་མྱོང་ཡོད་སྐོར་གསུངས་འདུག འགན་འཛིན་གསར་པ་ལྕམ་Eleanor Rosengren ལགས་ཀྱིས་བོད་མིའི་འཐབ་རྩོད་འདི་བཞིན་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་པར་སོང་། འཛམ་གླིང་ཁྱོན་ཡོངས་ནས་དྲང་བདེན་ལ་དགའ་བའི་མང་ཚོགས་ནས་རྒྱབ་སྐྱོར་ལྷོད་མེད་ཞུ་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་པ་དང་འབྲེལ། འདི་ལྟ་བུའི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ཚོགས་པ་ཞིག་གི་འགན་འཛིན་དུ་བསྐོ་གཞག་བྱུང་བ་དང་འགན་ཁུར་ལེན་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཤིན་ཏུ་ཆེན་པོ་ཡོད་ཅེས་གསལ་འདོན་གནང་བཞག
བོད་རང་དབང་ལས་འགུལ་ཚོགས་པ་དེ་བཞིན་༡༩༨༧ལོར་ཨིན་ཇིའི་རྒྱལ་ས་ལོན་ཌན་ཏུ་གསར་འཛུགས་བྱས་པ་ཞིག་དང་། ཚོགས་པ་དེས་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་པའི་ལངས་ཕྱོགས་བཟུང་བཞིན་པའི་ཐོག རྒྱ་ནག་གི་བོད་ཐོག་དབང་འགྱུར་མཚམས་འཇོག་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དགོས་པའི་ལས་འགུལ་སྤེལ་གྱི་ཡོད་པ་རེད། །
