སྲིད་སྐྱོང་བས་རྒྱ་རིགས་གཙོས་སློབ་མར་བོད་དོན་གཏམ་བཤད།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་རྒྱ་རིགས་གཙོས་ཕྱི་ནང་སློབ་མ་བརྒྱ་ཕྲག་བརྒལ་བར་བོད་དོན་སྐོར་གྱི་གཏམ་བཤད་སྤེལ་འདུག
2012-10-15
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

དེ་ཡང་གཟའ་པ་སངས་ཉིན་སྲིད་སྐྱོང་མཆོག་གིས་ཨ་རིར་ཁྲིམས་ལུགས་རིག་པའི་སློབ་མ་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་རྒྱུ་ནི་རྒྱ་ནག་ཁ་བྲལ་གཏོང་ཐབས་ཤིག་མིན་པ་དང་།  ཕྱི་ལོ་ ༢༠༠༢ ནས་ཕྱི་ལོ་ ༢༠༡༠ བར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་ཙམ་བྱུང་ཡོད་ཀྱང་དུས་དེ་ནས་བཟུང་ད་བར་བོད་རྒྱ་འབྲེལ་མོལ་ཐེངས་གཅིག་ཀྱང་བྱུང་མེད་ལུགས།  ད་ལྟའི་ཆར་འབྲེལ་མོལ་ཡོང་རྒྱུའི་རེ་བ་ཙམ་ལས་ཐག་ཆོད་ནས་དེ་འདྲ་ཡོང་རྒྱུ་རེད་བསམ་པའི་སྤོབས་པ་གང་ཡང་མེད་ཅེས་དང་།

ཡང་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་བོད་མི་ ༥༤ རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གི་གནས་སྟངས་སྐོར་གསལ་བཤད་གནང་བའི་ནང་ བོད་ནང་གི་བོད་མི་ཚོར་གཏམ་བརྗོད་རང་དབང་མེད་པ་དང་། བོད་མི་ཞི་རྒོལ་བ་རྣམས་རྒྱ་ནག་གཞུང་གིས་གང་བྱུང་འཛིན་བཟུང་བཀག་ཉར་འོག་མནར་གཅོད་གཏོང་བཞིན་ཡོད་པར་བརྟེན། བོད་མི་རྣམས་ད་ཆ་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་གནས་སྟངས་ཆགས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་རྣམས་ལ་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་དེ་རིགས་མ་སྤེལ་རོགས་ཞེས་རྟག་ཏུ་འབོད་སྐུལ་ཞུ་བཞིན་ཡོད་ཀྱང་།   གཞིས་ལུས་བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་ལ་རང་དབང་དགོས་པའི་དགོས་འདུན་བཏོན་པ་དེར་མུ་མཐུད་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུང་བཤད་གནང་རྗེས་རྒྱ་རིགས་སློབ་མ་ཁག་ཅིག་གི་དྲི་བར་ལན་འདེབས་གནང་འདུག

རྒྱ་རིགས་སློབ་ཕྲུག་ཞིག་གིས་དེ་སྔ་རྒྱ་ནག་གི་འཕྲོད་བསྟེན་བློན་ཆེན་མཆོག་གཙུག་ལག་སློབ་ཁང་འདིར་འབྱོར་སྐབས་ཐུག་འཕྲད་བྱེད་མ་ཐུབ་ཀྱང་ད་ཆ་ཁྱེད་སྲིད་སྐྱོང་དང་མཇལ་འཕྲད་ཀྱི་གོ་སྐབས་ཐོབ་བྱུང་ཅེས་བཤད་དུས་ཚོགས་ཁང་ནང་གི་མང་ཚོགས་ཚང་མས་དགའ་བསུའི་ཐལ་མོ་བརྡབ་ཡོད་པ་རེད་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།