༄༅། །དེ་ཡང་དེང་སྐབས་ཨ་རིའི་གྲོས་ཚོགས་ནང་། ཨ་རིའི་ནང་ཁྲིམས་འགལ་གྱི་ཐོག་ནས་བསླེབས་པའི་ཕྱི་མི་རྣམས་རིམ་པས་ཡུལ་འདིའི་ནང་ལུགས་མཐུན་གྱི་ཐོག་ནས་གནས་ཐུབ་པ་དང༌། དེ་བཞིན་ཕྱི་མི་གཞིས་ཆགས་གྱི་གནད་དོན་ཐད་ཞིབ་ཕྲའི་སྲིད་བྱུས་ཤིག་གཏན་འབེབ་བྱ་རྒྱུའི་སྐོར་བཀའ་བསྡུར་གནང་བཞིན་པའི་སྐབས་དང་བསྟུན་ནས། འབྱུང་འགྱུར་ལོ་གསུམ་གྱི་ནང་ཚུད་བོད་མི་སྐྱབས་བཅོལ་བ་ལྔ་སྟོང་ལ་ཨ་རིའི་ནང་གཞིས་སྤོ་ཆོག་པའི་ཐོངས་མཆན་སྤྲོད་རྒྱུའི་ཐག་གཅོད་དེ་གནང་བ་ཞིག་ཡིན་པ་དང༌། བོད་མིར་ཐོབ་ཐང་འདི་སྤྲོད་རྒྱུའི་སྐོར་བཀའ་བསྡུར་གནང་བའི་སྐབས་ རྒྱུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ Dianne Feinstein མཆོག་གིས། རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་གདུག་རྩུབ་ཀྱི་སྲིད་བྱུས་ཀྱིས་རྐྱེན་པས་བོད་ནང་གི་བོད་མི་རྣམས་བཟོད་དཀའ་བའི་གནས་སྟངས་འོག་ཡོད་པས་མ་ཟད། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་བརྒྱ་ལྷག་ཙམ་གྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་དང༌། ཡང་བལ་ཡུལ་ནང་རྒྱ་ནག་གཞུང་གིས་གནོན་ཤུགས་ཀྱི་རྐྱེན་པས་བོད་མི་སྐྱབས་བཅོལ་བ་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་གནས་ཚུལ་ངོ་སྤྲོད་གནང་བའི་ཐོག་ནས་བོད་མི་སྐྱབས་བཅོལ་བ་ཨ་རིའི་ནང་ལེན་རྒྱུའི་ཁྲིམས་གཞི་དེར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པར། དེར་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ Chuck Grassley ཡིས་རྒྱབ་སྐྱོར་གྱིས་གསུང་བཤད་གནང་བའི་ནང༌། བོད་མི་སྐྱབས་བཅོལ་བ་ཨ་རིའི་ནང་གཞིས་སྤོས་ཐུབ་པ་ཡོང་རྒྱུའི་ཐག་གཅོད་དེར། རྒྱ་ནག་གཞུང་གི་འདོད་པར་བབ་པོ་མི་ཡོང་བ་ཤེས་ཀྱི་ཡོད་ཀྱང༌། ངོས་ནས་ཐག་གཅོད་འདིར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཅེས་གསུངས་ཡོད་འདུག
ཡང་གནས་ཚུལ་ནང་འཁོད་གསལ་ལ་གཞིགས་ན། བོད་མི་ལྔ་སྟོང་ཨ་རིའི་ནང་ཡོང་ཆོག་པ་བཟོ་རྒྱུའི་ཐག་གཅོད་དེར་ད་ལྟའི་འཆར་ཨ་རིའི་གྲོས་ཚོགས་གོང་མའི་ནང་བཀའ་འཁྲོལ་ཐོབ་སོན་བྱུང་ཡོད་ཀྱང༌། དེར་གྲོས་ཚོགས་འོག་མའི་ནང་དུའང་མོས་མཐུན་རྒྱབ་སྐྱོར་ཐོབ་པ་དགོས་ཀྱི་ཡོད་པ་རེད། དེང་སྐབས་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་ཕྱི་མི་གཞིས་ཆགས་ཀྱི་གནད་དོན་སྐོར་ཞིབ་ཕྲའི་སྲིད་བྱུས་ཤིག་གཏན་འབེབ་གནང་ཕྱོགས་སྐོར་བཀའ་བསྡུར་གནང་བཞིན་ཡོད་པར་བརྟེན། གལ་སྲིད་སྲིད་བྱུས་དེ་གཏན་འབེབ་གནང་ཐུབ་པ་ཡིན་ཚེ། བོད་མི་ལྔ་སྟོང་ལེན་རྒྱུའི་ལས་གཞི་དེ་ཡང་ལག་ལེན་དོན་འཁྱོལ་ཡོང་རྒྱུ་ཡིན་པའི་འགྲེལ་བརྗོད་བྱས་འདུག།
