བོད་མི་ཞིག་གིས་བསམ་ཚུལ་གསུམ་དང་རེ་བ་གཅིག་ཞུས་འདུག

2017-01-09
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རེབ་གོང་རོང་བོ་དགོན་པའི་ཚོགས་ཆེན་དགེ་བསྐོས་ཟུར་བ་འཇིགས་མེད་བློ་གྲོས་མཆོག་གི་ཉེ་པར།
རེབ་གོང་རོང་བོ་དགོན་པའི་ཚོགས་ཆེན་དགེ་བསྐོས་ཟུར་བ་འཇིགས་མེད་བློ་གྲོས་མཆོག་གི་ཉེ་པར།
བོད་འབྱོར།

བོད་ནང་གི་བོད་མི་ཞིག་གིས་༧གོང་ས་མཆོག་ཆ་རྐྱེན་གང་ཡང་མེད་པའི་ཐོག་བོད་ནང་གདན་ཞུ་དགོས་བ་རྒྱ་ནག་གི་གཞུང་འབྲེལ་ཚོཊ་འདུའི་ཐོག་གསུངས་འདུག
དེ་ཡང་གནས་ཚུལ་ལྟར་ན། དེ་སྔ་རེབ་གོང་རོང་བོ་དགོན་པའི་ཚོགས་ཆེན་དགེ་བསྐོས་འཇིགས་མེད་བློ་གྲོས་མཆོག་གིས་རྒྱ་ནག་གཞུང་འབྲེལ་ཚོགས་འདུའི་སྟེང་གཏམ་བཤད་གནང་ནས། ཀྲུང་དབྱང་གིས་ཏཱ་ལའི་བླ་མ་ལ་བཏོན་པའི་བྱེད་ཕྱོགས་སྲིད་ཇུས་ལ་འགྱུར་བ་མེད་ཅེས་བའི་ཡིག་ཆའི་ནང་འབྲེལ་གཏུགས་ཀྱི་སྒོ་མོ་ནམ་ཡང་ཕྱེས་ཡོད་ཅེས་འཁོད་ཡོད་ཀྱང་། འབྲེལ་གཏུགས་ཐེངས་བཅུ་ཡི་རྗེས་འབྲེལ་གཏུགས་མཚམས་བཅད་ཡོད་པར་སྐྱོན་བརྗོད་དང་། རྒྱ་ནག་གི་གཞུང་འབྲེལ་ཡིག་ཆའི་ནང་དོན་དང་གོ་ལྡོག་ནས་དོན་དངོས་ཏཱ་ལའི་རུ་ཚོགས་དང་ཁ་བྲལ་རིང་ལུགས་པའི་གཏེ་བོ་ཞེས་ནག་ཚོགས་ལྟ་བུར་བཟོས་ནས་བོད་ནང་ཁོང་གི་སྐུ་པར་ཙམ་ཡང་སྒྲིག་བཤོམ་མི་ཆོག་པའི་རྒྱ་ནག་གི་སྲིད་ཇུས་ལ་སྐྱོན་བརྗོད་གནང་འདུག
ད་དུང་ཁོང་གིས། ཀྲུང་གོ་གཞུང་གིས་༧གོང་ས་མཆོག་ལ་བོད་དང་ཐེ་ཝན་རང་བཙན་མིན་ཞེས་བརྗོད་དགོས་པའི་ཆ་རྐྱེན་བཏོན་པ་ནི་འགྲིག་མཐུན་དང་གྲོས་མོལ་ཡོང་ཐབས་མེད་པའི་ཆ་རྐྱེན་ཡིན་ཚུལ་སོགས་བརྗོད་པ་དང་། འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན་༧གོང་ས་མཆོག་ནི་ཀྲུང་གོའི་མི་སེར་དང་། བོད་མི། མདོ་སྨད་མཚོ་སྔོན་སྟག་འཚེར་ནས་འཁྲུངས་བ་ཡིན་པ་དང་། ལྷག་པར་ད་སྐབས་ཁོང་གིས་སྲིད་དབང་མི་དམངས་ལ་རྩིས་སྤྲད་ཟིན་པའི་སྐབས་འདིར་ཆ་རྐྱེན་གང་ཡང་མ་བཏོན་པའི་ཐོག་རང་མི་རང་གིས་བདག་པོ་རྒྱབ་ནས་སྐུ་ཉིད་ཕྱིར་བོད་ལ་ཕེབས་སུ་བཅུག་པ་ཡིན་ན། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མི་རིགས་འཆམ་མཐུན། སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ཆེད་བླ་ན་མེད་པའི་དགེ་མཚན་དང་རྒྱལ་ཁ་ཡིན་པ་གསུངས་འདུག
ད་དུང་ཁོང་གིས་མུ་མཐུད་དུ། དོན་དངོས་ཐོག་༧གོང་ས་མཆོག་གིས་ཁ་བྲལ་གཏོང་གི་མེད་པ་དང་། དུས་རྒྱུན་དུ་འཛམ་གླིང་ཞི་བདེ་དང་འཚེ་མེད་ཞི་བའི་ཕྱག་ལས་གནང་བཞིན་པ། ལྷག་པར་བོད་ནང་གི་རང་ལུས་མེར་བསྲེགས་ལ་སྐུལ་སློང་བྱེད་བཞིན་འདུག་ཟེར་བ་ནི་དྲང་བདེན་མིན་པ་ནན་བརྗོད་གནང་འདུག
༧གོང་ས་མཆོག་གིས་ཡོངས་གྲགས་བོད་རང་བཙན་རྩོད་ཀྱི་མེད་གསུངས་བ་མ་ཟད། ཀུན་ལ་མི་གནོད་པའི་དབུ་མའི་ལམ་གྱི་འགྲིག་མཐུན་ལ་སྙེགས་བཞིན་པ་དང་། ལྷག་པར་ད་སྐབས་༧གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲད་ནས་ཆོས་ལུགས་པའི་ལས་རྐྱང་བར་བཞུགས་ཡོད་པའི་སྐབས་འདིར། བོད་མི་དང་ཆོས་དད་པ་ཚོས་རང་གི་ཕ་དང་མ་ལས་ཀྱང་གཏིང་ཟབ་དུ་བརྩི་བ་ནི་སོ་སོའི་བླ་མ་རེད། ཡིན་ཡང་ད་སྐབས་སྐྱབས་སུ་འགྲོ་བའི་ཡུལ་དེའི་འདྲ་པར་ཙམ་ཡང་སྒྲིག་བཤོམ་མི་ཆོག་ན་ཆོས་དད་རང་དབང་ཟེར་བ་སྒྲོག་འགྲེལ་བྱེད་ས་མེད་ལ་ཆོས་དད་རང་དབང་མེད་པའི་གནས་སྟངས་དེ་དག་ལས་རང་ལུས་མེར་སྲེག་གི་དཀའ་ངལ་ཡོང་བཞིན་པ་རྒྱུས་ལོན་བྱུང་ཚུལ་སོགས་བསམ་ཚུལ་གསུམ་གསལ་བོར་རྒྱས་བཤད་གནང་འདུག
མཇུག་མཐར་གཞུང་འབྲེལ་བླ་སྦྲུལ་དང་གནད་ཡོད་འཐུས་མི་ཚོར་དྲང་བདེན་གྱིས་དམངས་ཚོགས་ཀྱི་བདེ་སྡུག་བསམ་ཚུལ་ཡར་ཞུ་བྱེད་རྒྱུའི་ཁེ་དབང་ཁྲིམས་ཐོག་ལ་ཡོད་པས། རྣམ་པ་ཚོས་གནས་སྟངས་དེ་དག་ཤེས་བའི་ཐོག་གོང་རིམ་གཞུང་འབྲེལ་གྱི་ཚོགས་ཆེན་སོགས་སུ་ཞུགས་སྐབས་༧གོང་ས་མཆོག་བོད་ལ་ཕེབས་སུ་འཇུག་དགོས་བའི་གྲོས་གཞི་ཡག་པོ་འདོན་རྒྱུའི་རེ་བ་གཅིག་ཡོད་པ་ནན་གསུངས་གནང་འདུག
གཏམ་བཤད་འདི་ནི་སྤྱི་ལོ་༢༠༡༢་ལོའི་སྤྱི་ཟླ་༡༢་བའི་ནང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་དུ་ཉིན་གསུམ་རིང་ཚོགས་པའི་ཚོགས་འདུ་ཞིག་གི་སྟེང་། སྐབས་དེའི་རོང་བོ་དགོན་པའི་ཚོགས་ཆེན་དགེ་བསྐོས་འཇིགས་མེད་བློ་གྲོས་མཆོག་གིས་གསུངས་བ་དང་། ཉིན་ཤས་གོང་གཏམ་བཤད་ཀྱི་སྒྲ་བོད་ཕྱི་ལ་འབྱོར་བས་ཉིན་འདི་ཚོར་བོད་ཕྱི་ནང་གི་དྲ་ལམ་ཁག་ན་མི་ཚོས་དོ་སྣང་ཆེན་པོས་གླེང་མོལ་ཤུགས་ཆེ་བྱེད་ཡུལ་དུ་གྱུར་འདུག
འཇིགས་མེད་བློ་གྲོས་མཆོག་གིས་གཏམ་བཤད་གནང་ཡུལ་གཞུང་འབྲེལ་ཟབ་སྦྱོང་ཚོགས་འདུ་དེའི་སྐབས་མཚོ་སྔོན་རྨ་ལྷོ་ཁུལ་དང་། རྫོང་ཁག་བཞི་ཡི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་དང་། དགོན་སྡེ་དོ་དམ་ཅུས་དང་དགོན་པ་དོ་དམ་ཁྲུའུ། ཞང་དང་གྲོང་རྡལ་སོ་སོའི་འགོ་ཁྲིད་ལས་བྱེད། དགོན་པ་ཁག་གི་བླ་སྤྲུལ་དགེ་འདུན་པ་སོགས་མཉམ་ཞུགས་གནང་ཡོད་འདུག་ལ་གཏམ་བཤད་རྗེས་དགའ་བསུ་ཐལ་མོ་ཤུགས་ཆེ་བརྡབས་པ་ཡང་གོ་རྒྱུ་འདུག

གསར་འགོད་པ་ཀླུ་འབུམ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།