ཉི་ཧོང་དང་ཨ་རིའི་འབྲེལ་ལམ།

2013-02-23
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཉི་ཧོང་དང་ཨ་རིའི་དབུ་ཁྲིད་བར་མཇལ་འཕྲད།
ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་སྦི་དང་ཨ་རིའི་སྲིད་འཛིན་ཨ་སྦ་མ་མཆོག་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་བཞིན་པ།
ཨེ་ཨེཕ་པི།

༄༅༎ཉི་ཧོང་གི་སྲིད་བློན་ ཤིན་ཛོ་ ཨ་སྦི་ ཨ་རིའི་ནང་རྒྱལ་དོན་འཚམས་གཟིགས་གནང་བཞིན་པ་ལྟར། འདི་ཚེས་ ༢༢ ཉིན་ཁོང་དང་ཨ་རིའི་སྲིད་ སྦ་རག ཨོ་སྦ་མ་ རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་ཀྱིས།  བྱང་ཀོ་རི་ཡའི་ནང་ཉེ་ལམ་རྡུལ་ཕྲན་ཚོན་ཆ་ཚོད་བལྟ་བྱས་པའི་ཉེན་ཁར་གདོང་ལེན་བྱེད་ཕྱོགས་དང༌། དེ་བཞིན་ཤར་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་མཚོ་གླིང་ཁག་ཅིག་གི་བདག་དབང་ཐད། ཉི་ཧོང་དང་རྒྱ་ནག་དབར་ཐུག་བཞིན་པའི་རྩོད་རྙོག་བཅས་པའི་སྐོར་བཀའ་བསྡུར་གནང་འདུག
དེ་ཡང་རྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན། ད་ལམ་ཕོ་བྲང་དཀར་པོའི་ནང་དབུ་འཁྲིད་གཉིས་ཀྱིས་གསར་འགོད་པར་གཏམ་བཤད་གནང་བའི་སྐབས། ཨ་རིའི་སྲིད་འཛིན་ སྦ་རག ཨོ་སྦ་མ་མཆོག་གིས། ཉེ་ལམ་བྱང་ཀོ་རི་ཡས་རྡུལ་ཕྲན་ཚོན་ཆ་ཚོད་བལྟ་བྱས་པ་དེ་ནི། རྒྱལ་སྤྱིའི་ནང་འཁྲུག་རྐྱེན་བཟོ་གཞིའི་བྱ་ཐབས་ཤིག་ཡིན་པར་བརྟེན། དེར་ང་ཚོའི་ཕྱོགས་ནས་ལན་འདེབས་ནན་པོ་ཞིག་སྤྲོད་དགོས་ཀྱི་རེད་ཅེས་དང༌། ཡང་ཉི་ཧོང་གི་སྲིད་བློན་ ཤིན་ཛོ་ ཨ་སྦི་ཡིས། བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་དང༌། རྡུལ་ཕྲན་ཚོན་ཆ་ཚོད་བལྟ་བྱས་པ་དེ་དག་ནི་བཟོད་ཐབས་མེད་པ་ཞིག་ཡིན་སྟབས། དེ་ལ་མཉམ་རུབ་ཀྱི་གདོང་ལན་བྱེད་རྒྱུར་ཡུལ་གྲུ་གཉིས་དབར་མོས་མཐུན་བྱུང་བ་ལྟར། བྱང་ཀོ་རི་ཡའི་བྱེད་སྟངས་དེར་སྐྱོན་བརྗོད་དང་འབྲེལ་ ཉེས་ཆད་བསྣོན་མ་འགེལ་ཐབས་ཀྱི་ཆེད། རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ནང་གྲོས་ཆོད་འཕར་མ་ཞིག་འཇོགས་ཐབས་སུ། རྒྱལ་ཁབ་གཉིས་ཀས་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་འདུག་པ་དང༌།
ཡང་ཉི་ཧོང་དང་རྒྱ་ནག་དབར་མཚོ་གླིང་བདག་དབང་གི་རྩོད་རྙོག་ཐུག་བཞིན་པའི་སྐོར་གླེང་བའི་སྐབས། ཉི་ཧོང་གི་སྲིད་བློན་གྱིས་མཚོ་གླིང་བདག་དབང་གི་རྩོད་རྙོག་ཐད། རྒྱ་ནག་ཕྱོགས་ནས་བཙན་ཤེད་དང༌། རྡིག་སྐུལ་གི་བྱ་ཐབས་ཤིག་འཛིན་བཞིན་ཡོད་པ་དེ་ལྟར་ཡང༌། ཉི་ཧོང་གཞུང་གིས་གནད་དོན་དེའི་ཐོག བརྟན་ལྷིང་དང་ཞི་འཇམ་གྱི་ལངས་ཕྱོགས་ཤིག་འཛིན་བཞིན་པ་དེ་ མ་འོངས་པར་ཡང་རྒྱུན་འཁྱོངས་གནང་རྒྱུ་ཡིན་ཞེས་གསུངས་འདུག།