༸གོང་ས་མཆོག་གི་གསུང་འཕྲིན་ལ་རྒྱ་ནག་གིས་སྐྱོན་བརྗོད།

རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་གྱི་གསུངས་འཕྲིན་ཐོག་སྐྱོན་བརྗོད་ཞུས་ཡོད་འདུག

༄༅༎ཁ་ས་བོད་མིའི་སྒེར་ལངས་དུས་དྲན་ཉི་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུངས་འཕྲིན་གནང་བའི་ནང་། བོད་ནང་གི་བོད་མི་ཚོར་བཙོན་ར་ལྟབུའི་སྡུག་སྦྱོང་མྱོང་བཞིན་ཡོད་པའི་སྐོར་གནས་སྟངས་ངོ་སྤྲོད་གནང་བ་དང་། ལྷག་པར་དུ་རྒྱ་ནག་གཞུང་འབྲེལ་གྱི་ཐོག་ཤིན་ཅང་ཞེས་འབོད་པའི་མངའ་ཁུལ་དེར་ཤར་ཏུར་ཀི་སི་ཏན་ཞེས་ཁུལ་དེའི་མང་ཚོགས་ཀྱི་ཐ་དད་ཡིན་པའི་མིང་ཚིག་བེད་སྤྱོད་བྱེད་བཞིན་པ་དེ་༸གོང་ས་མཆོག་ནས་ཀྱང་ཤིན་ཅང་ཞེས་འབོད་རྒྱུའི་ཚབ་ཏུ་ཤར་ཏུར་ཀི་སི་ཏན་ཞེས་གསུངས་ཡོད་པ་ནི་རྒྱ་ནག་ནང་གི་མི་རིགས་ཁ་བྲལ་གཏོང་གི་ཡོད་པ་དང་། བོད་ནང་དངོས་ཡོད་གནས་སྟངས་འཁྱོག་བཤད་བྱས་ནས་རྒྱ་ནག་དབུས་གཞུང་གི་སྲིད་བྱུས་ལ་དམའ་འབེབ་བཏང་བ་ཞིག་རེད་ཅེས་ད་རིང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་༸གོང་ས་མཆོག་ལ་སྐྱོན་བརྗོད་བྱས་ཡོད་འདུག

ཡང་རྒྱ་ནག་ཉིན་རེའི་གསར་ཤོག་ཞེས་པའི་ནང་། ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་འཇིགས་མེད་རྣམ་རྒྱལ་གྱིས། བོད་ནང་ཁྲིམས་དང་མི་འགལ་བའི་ཐོག་ནས་བོད་མི་ཚོས་ཆོས་དད་བྱེད་རྒྱུར་རྒྱ་ནག་གཞུང་ནས་དགག་ཆ་བྱེད་རྒྱུའི་ཚབ་ཏུ་མཐུན་འགྱུར་རོགས་རམ་བྱེད་ཀྱི་ཡོད་རེད་ཅེས་དང་།

དེ་དང་ཕྱོགས་མཚུངས་བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་པད་མ་འཕྲིན་ལས་ཀྱིས། ཏ་ལའི་བླ་མས་ག་རེ་བཤད་ནས་མ་བཤད་ནས་ང་ཚོའི་ངོས་ནས་ག་རེ་བྱེད་ཀྱི་ཡོད་པ་དེ་མུ་མཐུད་ནས་བྱེད་ཀྱི་རེད་ཅེས་གཏམ་བཤད་སྤེལ་བ་དང་ཆབས་ཅིག་བོད་དང་ཤིན་ཅང་གཉིས་ཀྱི་ནང་། མངའ་ཁུལ་གཞན་དང་འདྲ་མཚུངས་ཡར་རྒྱས་མུ་མཐུད་ནས་གཏོང་རྒྱུ་ཡིན་ལུགས་ཀྱང་འགྲེལ་བརྗོད་བྱས་ཡོད་པ་རེད།